ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གཉིས་པའི་སྣ་འཛོམས་ཤེས་བྱའི་འགྲན་བསྡུར་སྤེལ་པ།
འགྲན་སྡུར་མགོ་མ་བརྩམ་སྔོན་གྱི་སྟ་གོན།
འགྲན་སྡུར་བྲེལ་ཟིང་གི་རྣམ་པ་མར་འཇགས་ཆེད་སྙན་མོ་ངག་གིས་སྤྲོ་སྣང་སྩོལ་བ།
སྟོན་མཇུག་གི་ལོ་མས་སྨྲེང་བྲོ་འཁྲབ་བཞིན་ཁད་ཀྱིས་འདས་ཤིང༌། དགུན་གྱི་རྒྱལ་མོས་གོམ་གསུམ་སྤོ་ཞོར་ང་ཚོ་དང་ཉེ་བར་བཅར་བའི་དུས་ཚིགས་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གཉིས་པའི་སྣ་འཛོམས་ཤེས་བྱའི་འགྲན་བསྡུར་ཟླ་འདིའི་ཚེས14དང15། 16བཅས་བསྟུད་མར་ཉིན་གསུམ་རིང་ལ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་གཟབ་རྒྱས་དང་གསོན་ཉམས་ལྡན་པའི་སྒོ་ནས་བསྡུས་པ་རེད།
དགའ་སྤྲོའི་འཛུམ་མདངས་ཁྲོད་རྒྱན་གྱི་ཨང་རྟགས་ལ་ལྟ་བ།
ཞིབ་ཚགས་དོད་པའི་ལོ་རིམ་སོ་སོའི་སྐར་འགོད་རེའུ་མིག
ཐེངས་འདིར་འཛིན་གྲྭ43ལས་གྲུབ་པའི་ལོ་རིམ་ལྔ་བ་དང་དྲུག་པ། བདུན་པ། བརྒྱད་པ། དགུ་བ་བཅས་ཁྱོན་བསྡོམས་སློབ་མ་སྟོང་ཕྲག་གཉིས་ལྷག་འགྲན་སྡུར་ལ་ཞུགས་ཐུབ་པ་བྱུང་ཞིང༌། ནང་དོན་ཐད་ནས་བོད་སྐད་ཡིག་གི་སྐོར་དང་རྒྱའི་སྐད་ཡིག་གི་སྐོར། ལོ་རྒྱུས། ས་ཁམས། ཆབ་སྲིད། རྩིས་རིག བདེ་ཐང་གི་སྐོར་སོགས་ནང་དོན་རྒྱ་ཆེ་ཞིང་སྣ་འཛོམས་ཀྱི་རང་བཞིན་ལྡན་པས་སློབ་སྦྱོང་ལ་སྐུལ་འདེད། སྤོབས་པ་དང་བསམ་གཞིག་གི་ནུས་པ་ཇེ་ཆེར་བསྐྱེད་པ། མ་འོངས་འབྱུང་འགྱུར་ལ་དམིགས་ཡུལ་གསལ་བ། རྩེད་མཚར་དང་སྤྲོ་སྣང་གི་ཁྱད་ཆོས་དོད་པ་བཅས་སློབ་མར་འགུག་ཤུགས་དྲག་ཏུ་སྟེར་བའི་དགེ་མཚན་མང་པོ་ལྡན། ལོ་རིམ་སོ་སོའི་མཐོ་དམའ་ལྟར་དུ་དྲི་གཞིའི་ནང་དོན་ཡང་སློབ་མའི་བློ་ཁ་དང་འཚམ་པ། ཤེས་བྱའི་རིན་ཐང་ལྡན་པ། བློ་འབྱེད་ཀྱི་ལྡེ་མིག་དང་འདྲ་བར་གང་ལ་གང་འཚམ་འོས་བབ་འགྲིག་ཅིང་བརྒྱུད་རིམ་གསལ་བ། ཚགས་དམ་པ། དེང་རབས་སྨྱན་མང་གཟུགས་ཀྱི་ལག་ལེན་འབའ་ཞིག་སྤྱད་པ་མ་ཟད་འཕྲོག་ལན་འདེབས་པའི་འཕྲུལ་ཆས་ཀྱང་གསར་བ་གསར་རྐྱང་ཉོས་ནས་འགྲན་བསྡུར་སྤེལ་བར་སྐབས་དང་པོའི་ཤེས་བྱའི་འགྲན་ཚོགས་དང་བསྡུར་ན་གནམ་སའི་བར་མཚམས་ལྟ་བུའི་ཧེ་བག་ཡོད་ཅེས་བརྗོད་ན་ཡང་འུད་བསྟོད་དུ་ག་ལ་འགྲོ།
གོ་རིམ་འགྲིག་ཅིང་གསལ་སྣང་འཆར་བའི་ཉེན་ཁ་ཅན་གྱི་དྲི་བའི་བརྙན་རས།
མདོ་འཛིན་པས་ཉམས་འགྱུར་འདྲེས་མའི་དགའ་འཛུམ་དང་བཅས་དྲི་བ་བསྐྱོན་པའི་ཚུལ།
ཐེངས་འདིའི་འགྲན་བསྡུར་ལ་ལོ་རིམ་ལྔ་བ་ནས་མགོ་བཟུང་སྟེ་ལོ་རིམ་དགུ་བའི་བར་དུ་འཛིན་གྲྭ་སོ་སོ་ནས་སློབ་མ་གསུམ་རེ་ཞུགས་ཏེ་ཕྱི་དྲོ་དང་དགོང་མོའི་བར་སྔ་ཕྱི་རིམ་པ་ལྟར་རེས་འཁོར་ནས་སྤེལ་བ་ཡིན་ལ། དྲི་ལན་གྱི་ནང་དོན་འཚོལ་སྡུད་དང་བསྡུ་སྒྲིག མདོ་འཛིན་དང་བྱ་འགུལ་བརྒྱུད་རིམ་སོགས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ལ་སློབ་གྲྭའི་གུང་གཞོན་ཚོགས་པ་དང་གདོང་ལེན་རུ་མིའི་སྣེ་སྟོན་པ་ཆ་འཕྲིན་ཚན་ཁག་གི་མགོ་གཙོ་བཅས་དགེ་རྒན་བཞི་ཡིས་མཚན་མོའི་གཉིད་དང་ཉིན་མོའི་ཟས་བཅག་ནས་ཉིན་བཞི་ལྷག་གི་གྲ་སྒྲིག་སྟ་གོན་བརྒྱུད། འདི་ལྟ་བུའི་བཀོད་ལེགས་ཤིང་སྟབས་བདེའི་རང་བཞིན་ལྡན་པ། ཚན་རིག་གི་རང་བཞིན་ལྡན་པ། སྤྲོ་སྣང་དང་མཚར་སྡུག་གི་བྱ་འགུལ་གཟབ་རྒྱས་ཤིག་ཚོགས་ཐུབ་པ་བྱུང༌།
ལྟ་མཁན་པའི་ཁྲོད་ནས་སྤོབས་པ་གཟེངས་སུ་བཏེགས་ཏེ་དྲི་བར་ལན་འདེབས་པའི་ཚུལ།
མ་འཚུབ་མ་སྐྲག་པར་བསམ་བློ་ཞིབ་མོས་དྲི་བར་འདང་རྒྱག་པའི་ཚུལ།
འགྲན་སྡུར་གྱི་བྱེད་ཐབས་ལ་ངེས་པར་ལན་འདེབས་དགོས་པའི་དྲི་བའི་སྐོར་དང༌། འཕྲོག་ལན་གྱི་སྐོར། ཉེན་ཁ་ཅན་གྱི་དྲི་བའི་སྐོར་བཅས་རིམ་པ་གསུམ་དུ་བགར་ནས་འགྲན་བསྡུར་བྱས་པར་འགྲན་ཞུགས་པ་རྣམ་པར་སྐབས་རེར་དངངས་འཚབ་དྲག་པོ་སྟེར་ཞིང་ལན་རེར་བྲོ་མཚར་ཆེ་བའི་མཁའ་དབུགས་ཤིག་ཀྱང་བཅོས་མིན་དུ་བསྐྲུན། ཛ་དྲག་དང་དཀའ་ཚེགས། ཟང་ཟིང་དང་ཧུར་ཐག་གི་ཉིན་མཚན་འགའ་བརྒྱུད་མཐར་ལོ་རིམ་སོ་སོ་ནས་མི་སྒེར་གྱི་བྱ་དགའ་ཨང་བཅུ་ཐམ་པ་བདམས་ཐོན་བྱུང་བ་སྟེ། ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་བཞི་བཅས་ཁྱོན་བསྡོམས་སློབ་མ50ལ་བྱ་དགའ་བསྩལ། ཐུན་མོང་ལ་བྱ་དགའ་དྲུག་བདམས་ཐོན་བྱུང་བ་སྟེ། ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ལ་བྱ་དགའི་མཚན་སྙན་དཔང་ཡིག་དང་ལེགས་སྐྱེས་དངོས་པོ་རེ་སྦྱར་ནས་བསྩལ་གནང་མཛད་པར་དགེ་སློབ་ཡོངས་ཀྱིས་ལྷག་བསམ་འཁོལ་བའི་ངང་དགའ་བསུའི་རྟེན་འབྲེལ་དུ་ལག་ཟུང་གི་ཐལ་མོ་ལྷང་ལྷང་དུ་རྡེབ་པས་ཚོགས་རའི་ཁྱོན་ཀུན་མཛེས་སྡུག་གི་ཞིང་བཀོད་ཅིག་དང་མཚུངས་པར་གྱུར།
མཐའ་མཇུག་གི་རྒྱལ་ཁའི་འབྲས་བུ་སློབ་གྲོགས་ཚོའི་ཞལ་རས་ལ་བབས་པའི་རང་བྱུང་འཛུམ་དྲུག་གིས་བསུས།
རེབ་འདིའི་བྱ་འགུལ་སྤེལ་བ་བརྒྱུད་སློབ་གྲོགས་ཀུན་གྱི་སྤོབས་སེམས་མཐོ་རུ་འདེགས་པར་རམ་སྐྱོར་བསྣན་ཡོད་ཅིང་བློ་རིག་གི་ཁྱོན་རྒྱ་ཆེ་རུ་བསྐྱེད་པ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད། སླད་མར་ཡང་ཐེངས་འདི་དང་བསྡུར་ན་འཐུས་སྒོ་ཚང་ཞིང་འཁྲུག་ཆ་དོད་པའི་འགྲན་སྡུར་སྐབས་གསུམ་པ་དུས་ཐོག་ཏུ་ཚོགས་ཐུབ་པར་བརྩོན་ལེན་བྱེད་ཀྱི་ཡོད།