སྐལ་བཟང་ནོར་བུས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་པ།
སྐལ་བཟང་ནོར་བུས་བྱང་ཤིང་སྟེང་བོད་ཡིག་འབྲི་བའི་ཚུལ།
བྱང་ཤིང་སྟེང་ཐིག་འཐེན་བཞིན་པ།
ཟླ10བའི་ཚེས16ཉིན། བོད་རིགས་ན་གཞོན་སྐལ་བཟང་ནོར་བུས་ལྷ་ས་བར་སྐོར་དུ་རང་ཉིད་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་། རྒྱུས་ལོན་བྱས་པ་ལྟར་ན་ཟླ་འདིའི་ཚེས30བར་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་རེད།
སྐལ་བཟང་ནོར་བུའི་ཤེས་རབ་དང་བློ་གྲོས་ལས་ཐེངས་འདིའི་འགྲེམ་སྟོན་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་ཡོད་ཅིང་། ཁོས་བོད་ལྗོངས་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་དང་དེང་རབས་རྒྱུ་ཆ་མཐུན་སྦྱོར་སྒོས་གསར་གཏོད་གནང་བ་བརྒྱུད། ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་རོང་འབྲོག་ས་ཁུལ་ནས་འཚོལ་བསྡུ་བྱས་པའི་བོད་ཡིག་བྱང་ཤིང་དེ་རིང་དངོས་སུ་འགྲེམ་སྟོན་བྱས་པ་རེད།
སྨྱུག་མའི་འབྲི་མྱུག་དང་། སྣག་ཚ། བྱང་ཤིང་། རས་བཏུམ་སོགས།
བྱང་ཤིང་འབྲི་སྦྱོང་བྱེད་ཆས།
ཁོས་བཤད་རྒྱུར། བྱང་ཤིང་འདི་སྤྱིར་བཏང་དུ་སློབ་གྲྭར་བསྐྱོད་མ་ཐག་པའི་བྱིས་པ་རྣམས་ཀྱིས་ཡིག་གཟུགས་སྦྱོང་བར་སྤྱོད་པ་དང་། དམངས་ཁྲོད་དུ་ལ་ལས་བྱང་ཤིང་སྟེང་དུ་སྣག་ཚ་དང་དེའི་སྟེང་དུ་དཀར་བྱེ་འབྱུག་ཅིང་ཡི་གེ་བྲིས་རྗེས་སུབ་ཆོག་པ་ཞིག་ཡིན་ཞིང་། དུས་རྒྱུན་ཡི་གེའི་ཆེ་ཆུང་སོགས་ཀྱི་ཚད་དང་བསྟུན་ནས་སྦོམ་ཕྲ་མི་འདྲ་བའི་སྨྱུག་མའི་འབྲི་མྱུག་སྤྱོད་ཀྱི་ཡོད་ལ། དུད་དྲེག་དང་གྲོ་བརྔོས་རྗེས་ཆུ་བསྲེས་སྦྱོར་བྱས་པ་ལས་སྣག་ཚ་གྲུབ་པ་ཡིན་ཟེར།
ད་ལྟའི་བར་དུ་བྱང་ཤིང་འདིས་ནུས་བ་ཆེན་པོ་བཏོན་ཡོད་ཅིང་ལྷག་པར་དུ་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་མཇུག་དང་ལོ་རབས་བརྒྱད་བཅུའི་བར་སློབ་གསོའི་ཁྱབ་ཁོངས་སུ་བྱིས་པ་རྣམས་ལ་མེད་དུ་མི་རུང་བ་ཞིག་ཏུ་སྣང་ཡོད། བྱང་ཤིང་འདི་སློབ་མ་རྣམས་ཀྱི་ཡིག་གཟུགས་སྦྱོང་བྱེད་ཡིན་པ་མ་ཟད། རྩིས་རིག་དང་མཛེས་རྩལ་སོགས་རིག་ཚན་སྦྱོང་བྱེད་ཀྱི་འབྲི་དེབ་ཏུའང་གྱུར་ཡོད་ལ། སློབ་མས་བྱང་ཤིང་སྦྱོང་བའི་དུས་ཡུན་ཅུང་རིང་བོ་ཡིན་ཏེ། སློབ་མའི་ལོ་རིམ་ལྟར་ཡིག་གཟུགས་སྦྱོང་ཞིང་ཡིག་གཟུགས་སྦྱོང་བའི་ཚད་ངེས་ཅན་ཞིག་ལ་སླེབས་རྗེས་ད་གཟོད་ཤོག་བུའི་སྟེང་འབྲི་བ་ཡིན་ཟེར།