logo

ཁྲི་ཀ་བཅའ་སྡོད་སློབ་གྲྭས་དམངས་ཁྲོད་གཏམ་རྒྱུད་བཤད་པའི་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-17 ཀློག་གྲངས།:


གཏམ་རྒྱུད་བཤད་བཞིན་པའི་ཚུལ།

         ཟླ10བའི་ཚེས9ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གི་སློབ་མ450ལྷག་གིས་གྲུབ་པའི་ལོ་རིམ་བདུན་པ་ཚན་སྐོར་གྱིས་མགོ་གཙོ་རྒན་དཔལ་མགོན་ལགས་ཀྱི་འཆར་འགོད་དང་སྣེ་ཁྲིད་འོག  བོད་ཡིག་དགེ་རྒན་ཡོངས་གོང་བུ་གཅིག་གྱུར་བྱས་ནས་འཛིན་གྲྭ་སོ་སོའི་སློབ་བུ་རྣམས་ལ་རྩ་འཛུགས་དང་སྣེ་ཁྲིད་བཟང་བོ་བྱས་ཏེ་ཐོས་པ་མཐོང་བའི་མྱོང་སྣང་དང་བསམ་པ་རེག་པའི་ཉམས་སྣང༌། སྒོམ་པ་ཡོད་པའི་འཆར་སྣང་བཅས་གཙོ་བར་བྱས་ནས་ཁ་བྱང་ལ་གཏམ་རྒྱུད་ཐོས་པ་འཛུམ་ཤོར་ཞེས་པའི་མིང་དོན་གཉིས་འཛོམས་ཀྱི་དམངས་ཁྲོད་གཏམ་རྒྱུད་བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ།
         དེ་ཡང་དམིགས་ཡུལ་ཡོད་པ་དང་རྩ་འཛུགས་ཡོད་པ།  འཆར་གཞི་ཡོད་པ། གོ་རིམ་ཡོད་པ་བཅས་ཀྱི་རྩ་དོན་ལ་གཞི་བཅོལ་ཏེ་འགྲན་ཞུགས་པ20ཙམ་གྱི་ངོ་མཚར་ཡིད་འཕྲོག་གི་གནའ་གཏམ་རེ་རེ་དགེ་སློབ་ཡོངས་ཀྱི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་དུ་སྨིན།


བྱ་འགུལ་གྱི་ཟུར་ཞིག

         ཐེངས་འདིར་འཛིན་གྲྭ་བཞི་བའི་སློབ་གྲོགས་སྙིང་འབུམ་རྒྱལ་གྱིས་བཤད་པའི་ལྷ་བཟོ་ཀུན་དགའ་དང་ཤིང་བཟོ་ཀུན་དགའ་ཞེས་པ། འཛིན་གྲྭ་གསུམ་པའི་སློབ་གྲོགས་གསེར་མཚོ་རྒྱལ་གྱིས་བཤད་པའི་རྡོ་སེང་གེ་ཁ་གདངས་པ་ཞེས་པར་མི་སྒེར་གྱི་བྱ་དགའི་རྟགས་མ་ཨང་དང་པོ་ཐོབ་པ་དང་གཞན་བྱ་དགའི་རྟགས་མ་ཨང་གཉིས་པ་ཐོབ་མཁན་སློབ་གྲོགས་གསུམ། ཨང་གསུམ་པ་ཐོབ་མཁན་སློབ་གྲོགས་བཞི་ལས་གཞན་ཐུན་མོང་གི་བྱ་དགའ་ཨང་དང་པོ་གཅིག་དང་ཐུན་མོང་བྱ་དགའ་ཨང་གཉིས་པ་གཅིག་བཅས་བཀོད་སྒྲིག་བྱས་ཏེ་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་ལྷང་ལྷང་མཐེབ་མོའི་རྡེབ་སྒྲ་ལས་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་བ་རེད།
         བྱ་འགུལ་འདི་བརྒྱུད་ནས་སློབ་མ་ཡོངས་ཀྱི་བློ་སྤོབས་དང་རྩོམ་རྩལ་ནུས་པ་སྐྱེད་སྲིང་བྱ་རྒྱུ་དང༌།  སློབ་མའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། ཐོས་རྒྱ་ཆེ་རུ་གཏོང་རྒྱུ་བཅས་དམིགས་སུ་བཟུང་ནས་ད་དུང་མ་འོངས་པར་མུ་མཐུད་དུ་བརྩོན་པ་བརྒྱ་འགྱུར་གྱིས་སྟོང་ཆར་ཁ་སྣོན་དང་ནོར་བ་ཡོ་བསྲང༌། མེད་པ་གསར་གཏོད་སྒོས་ལོ་རིམ་བདུན་པའི་སྐོར་གྱི་བོད་སྐད་ཡིག་གི་སློབ་ཁྲིད་ལ་སྔ་ན་མེད་པའི་གཟི་ཤུགས་ཤིག་དང་གསོན་ཤུགས་ཤིག  འཕེལ་ཤུགས་ཤིག་གི་མེ་དཔུང་སྦར་བའི་ཁོལ་ཆེན་རྟག་བརྟན་བརྩོན་པའི་ཕྱག་གིས་བཟུང་བ་གཡར་དམ་བརྟན་པོས་མདུན་བསུའོ།།


འབྲེལ་ཡོད་འོས་སྦྱོར།