བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ།

ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་ཆེན་གྱི་འཐུས་ཚབ་པས་གྲོས་མཐུན་སྟེང་མིང་རྟགས་འགོད་བཞིན་པ།
ཟླ9ཚེས28ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་ཆེན་གྱི་འགོ་ཁྲིད་བོད་ལྗོངས་སློབ་ཆེན་དུ་ཞལ་འཛོམས་བྱུང་སྟེ། བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་མཉམ་ལས་མཉམ་སྐྲུན་གྱི་ཆེད་དུ་མིང་རྟགས་འགོད་པ་དང་སྒོ་བྱང་ཡོལ་རས་འབྱེད་པའི་མཛད་སྒོ་འཚོགས། འདིས་བོད་ལྗོངས་སུ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གནད་དོན་སྐོར་ཞིབ་འཇུག་བྱ་ཡུལ་གཙོ་བོར་འཛིན་པའི་ཚན་ཞིབ་ལས་ཁུངས་ཐོག་མ་དངོས་སུ་བཙུགས་པ་མཚོན།

སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས(གཡས)དང་སློབ་གཙོ་སྐལ་བཟང་ཆོས་འཕེལ(གཡོན)གྱིས་
མཉམ་དུ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་ཡོལ་རས་འབྱེད་བཞིན་པ།
བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཁྲིན་ཅན་ལུང་གིས་མིང་རྟགས་འགོད་པ་དང་སྒོ་བྱང་ཡོལ་རས་འབྱེད་པའི་མཛད་སྒོར་གཙོ་སྐྱོང་གནང་ཞིང་། བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་སྐལ་བཟང་ཆོས་འཕེལ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་། ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཙུགས་པའི་སྔ་ཕྱིའི་གནས་ཚུལ་གསལ་བཤད་གནང་བ་རེད། ལྷག་པ་ཕུན་ཚོགས་ཀྱིས་ང་ཚོས་མཉམ་ལས་མཉམ་སྐྲུན་བྱེད་པའི་བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཙུགས་པ་འདི་ནི་ཕྱོགས་གཉིས་ཀས་ཡུན་རིང་བོར་མཉམ་ལས་བརྗེ་རེས་བྱས་པའི་རྨང་གཞིའི་སྟེང་བླངས་པའི་གྲུབ་འབྲས་ཡིན་པར་མ་ཟད། སྔར་ཡོད་ཀྱི་མཉམ་ལས་གྲོས་མཐུན་གྱི་རྨང་གཞིའི་སྟེང་དེ་བས་ཀྱང་ང་ཚོའི་བར་མཉམ་ལས་ཕུན་སུམ་ཇེ་ཚོགས་དང་གཏིང་ཇེ་ཟབ་ཏུ་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུང་གནང་བ་རེད། སློབ་གཙོ་སྐལ་བཟང་ཆོས་འཕེལ་གྱིས་བསྟན་དོན། བོད་ལྗོངས་སློབ་ཆེན་གྱིས་སྔར་ལས་ལྷག་པར་བོད་རིག་པ་ཞིབ་འཇུག་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།
བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཙུགས་རྗེས། གཙོ་བོ་སྤོ་སྒྱུར་མགྱོགས་མྱུར་གཏོང་བའི་སྐབས་སུ་གནས་པའི་བོད་ཀྱི་སྤྱི་ཚོགས་གནད་དོན་ལ་དོ་སྣང་བྱེད་རྒྱུ་ཡིན་ལ། སྤྱི་ཚོགས་རིག་པ་དང་བོད་རིག་པ་སོགས་ཀྱི་རིག་ཚན་གཞུང་ལུགས་དང་ཞིབ་འཇུག་བྱེད་ཐབས་ཕྱོགས་བསྡུས་ངང་བཀོལ་སྤྱོད་བྱེད་པ། ཚན་ཞིབ་ལས་གཞི་དང་ཞིབ་འཇུག་བྱ་གཞི་ལས་སྟེགས་སུ་འཛིན་པ། རྒྱལ་ནང་གི་འབྲེལ་ཡོད་ཆེད་མཁས་པས་གྲུབ་པའི་ཚན་ཞིབ་ཚོགས་ཁག་བཙུགས་ནས་དེང་སྐབས་བོད་ཀྱི་སྤྱི་ཚོགས་སུ་གནས་པའི་གཞི་རྩའི་གནད་དོན་དང་གླེང་ཆ་ཆེ་བའི་གནད་དོན། རྒྱང་རིང་གི་གནད་དོན་བཅས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ལག་ལེན་གྱི་ཉམས་མྱོང་གོང་སྤེལ་གཏོང་བ་དང་། རིག་གཞུང་རང་བཞིན་གྱི་གཞུང་ལུགས་ཕྱོགས་བསྡོམས་བྱེད་པ། དམིགས་གཏད་རང་བཞིན་ལྡན་པའི་སྲིད་ཇུས་ཀྱི་གྲོས་འགོ་འདོན་རྒྱུ་བཅས་ཡིན། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་རང་ཡུལ་གྱི་སྤྱི་ཚོགས་ཞིབ་འཇུག་ཤེས་ལྡན་པ་དང་། སྤྱི་ཚོགས་ལས་དོན་སྒྲུབ་པའི་ཤེས་ལྡན་པ་གསོ་སྐྱོང་གི་འགན་འཁྲི་གལ་ཆེན་ཁུར་ཡོད།
མིང་རྟགས་འགོད་པའི་མཛད་སྒོའི་སྟེང་། བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་སྐལ་བཟང་ཆོས་འཕེལ་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བསྟན་འཛིན་ལྷུན་གྲུབ་ལ་ཆེད་ཞུས་དགེ་རྒན་ཆེན་མོའི་གདན་འདྲེན་ཞུ་ཡིག་གནང་བ་རེད།
