བོད་ལྗོངས་ཀྱིས་འོས་འགན་སློབ་གསོའི་སློབ་གཉེར་ལ་སྒོར་མོ་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་པ།
ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱིས་ཞིབ་འཇུག་བྱས་ནས་འོས་འགན་སློབ་གསོའི་དུས་རིམ་ནང་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཐད་ཡང་བསྐྱར་སྒོར་མོ་དུང་ཕྱུར1བཀོད་སྒྲིག་བྱེད་རྒྱུ་ཐག་བཅད། ཉེ་ལམ་འགྲོ་གྲོན་དེ་ས་ཁུལ་ཁག(གྲོང་ཁྱེར)ལ་ཁྱབ་བསྒྲགས་བྱས་ཤིང་། ས་ཁུལ7(གྲོང་ཁྱེར)གྱི་སློབ་ཆུང26གི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཐད་བཀོལ་རྒྱུ་བྱས་ཡོད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། སློབ་གསོ་ཐིང་གཉིས་ཀྱིས་ཆེད་སྤྱོད་མ་དངུལ་གྱི་བཀོལ་སྤྱོད་དོན་ཐོག་ཏུ་འབབ་ཆེད། མཉམ་དུ་བརྡ་ཁྱབ་སྤེལ་ནས་ས་ཁུལ(གྲོང་ཁྱེར)ཁག་གིས་འཛུགས་སྐྲུན་རྣམ་གྲངས་ཡོད་ཚད་མ་དངུལ་གཏོང་འདྲེན་གྱི་ཚད་གཞི་དང་གོ་རིམ་ནང་ལྟར་གཟབ་ནན་གྱིས་བསྒྲུབས་དགོས་པ་མ་ཟད། སྲིད་གཞུང་གིས་ཉོ་སྒྲུབ་བྱ་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་དེ་མ་དངུལ་གཏོང་འཇོག་གི་འཆར་གཞིའི་ནང་ཆོག་མཆན་བཀོད་པའི་རྒྱ་ཆེ་ཆུང་དང་ཚད་གཞི་ནང་ལྟར་བསྒྲུབ་དགོས་པ་ལས། རང་འདོད་ལྟར་རྒྱ་ཇེ་ཆེར་གཏོང་བ་དང་འཛུགས་སྐྲུན་ཚད་གཞི་ཇེ་མཐོར་གཏོང་མི་ཆོག་ལ། འཛུགས་སྐྲུན་རྣམ་གྲངས་དང་འཛུགས་སྐྲུན་ནང་དོན་བཅོས་བསྒྱུར་ཡང་གཏན་ནས་བྱེད་མི་ཆོག་པ་རེད།
བརྡ་ཁྱབ་ཀྱི་ནང་དུ། ས་ཁུལ(གྲོང་ཁྱེར)ཁག་གི་ནོར་སྲིད་ཅུས་དང་། སློབ་གསོ་ཅུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་ལྟ་རྟོག་དང་། ཞིབ་བཤེར། དོ་དམ་ནན་མོ་བྱས་ཏེ་ལས་གཞིའི་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ནོར་སྲིད་ཐིང་བཅས་ལ་རྣམ་གྲངས་ལག་བསྟར་བྱས་པའི་གནས་ཚུལ་དང་། མ་དངུལ་བཀོལ་སྤྱོད་ཀྱི་དོ་དམ་གནས་ཚུལ། ལས་གཞི་ལས་མཇུག་རྫོགས་པའི་ཞིབ་བཤེར་རྩིས་ལེན་སྐོར་གྱི་སྙན་ཞུ་བཅས་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་ཡོངས2011ལོའི་ནང་ལེགས་འགྲུབ་དང་བཀོལ་སྤྱོད་བྱེད་ཐུབ་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་གསལ་ལྟར་ན། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས། ལྗོངས་སློབ་གསོ་ཐིང་དང་། ནོར་སྲིད་ཐིང་། རྩིས་བཤེར་ཐིང་བཅས་ཀྱིས་རྣམ་གྲངས་ལག་བསྟར་བྱས་པའི་བརྒྱུད་རིམ་དང་མ་དངུལ་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་རྩིས་བཤེར་བྱ་རྒྱུ་དང་། གལ་ཏེ་མ་དངུལ་སྒེར་སྤྱོད་དང་། བགོ་སྤྱོད། ཆུད་ཟོས་སུ་བཏང་བའི་གནས་ཚུལ་ཡོད་ཚེ། འབྲེལ་ཡོད་གཏན་འབེབས་ནང་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པ་རེད།