logo

ཁྲི་ཀ་བཅའ་སྡོད་སློབ་གྲྭས་ཐེངས་གཉིས་པའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-26 ཀློག་གྲངས།:


འཐུས་ཚབ་འཛིན་བདག་གིས་བསམ་འཆར་དང་རེ་བ་ལྷུག་པོར་བརྗོད་པ།

           སྤྱི་ཟླ9བའི་ཚེས19ཉིན་གྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་ཐེངས་གཉིས་པའི་འཛིན་བདག་བྱ་བའི་ཉམས་མྱོང་བགྲོ་གླེང་ཚོགས་འདུ་སྤེལ། སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གིས་ཐེངས་འདིའི་ཚོགས་འདུ་གཙོ་སྒྲུབ་བྱས་པ་ཡིན་ལ།   དགེ་རྒན་ཉིས་བརྒྱ་ལྷག་གི་ཁྲོད་ནས་དགེ་རྒན་སྐོར་ཞིག་གདམ་བསལ་བྱས་ཏེ་རང་རང་གི་བློ་ངོར་འཆར་བའི་རེ་བ་དང་བསམ་འཆར་ལྷུག་བརྗོད་གནང་བ་རེད། 


བགྲོ་གླེང་ཚོགས་འདུའི་ཟུར་ཞིག

           གཤམ་ནས་ཐེངས་འདིའི་ཚོགས་ཐོག་ལ་མྱོང་བ་གསར་བའི་གཏམ་བཤད་དང་མ་འོངས་བྱ་བའི་ཐད་དུ་གྲོས་གཞི་གལ་ཆེན་བཏོན་པ་རིམ་བཞིན་གསལ་བསྒྲགས་བྱས་ན་འདི་ལྟ་སྟེ།
1 བློ་ལྡན་གླིང་གི་དགེ་རྒན་གཡང་སྐྱིད་ཀྱིས་བཤད་རྒྱུར།  འཛིན་བདག་ཞིག་གི་འགན་འཁྲི་ཕྲག་ལ་འཕངས་ཚེ་བྱ་བ་ལ་བརྩོན་འགྲུས་ལྡན་དགོས་ལ།  བྱམས་བརྩེ་དེ་བས་ཀྱང་དགོས། དུས་རྒྱུན་དུ་སློབ་མ་རྣམས་ཀྱི་ཉེ་སར་བཅར་ཏེ་སེམས་ཀྱི་འབྲེལ་སྦྱོར་ངེས་པར་དུ་མཁོ་ཞིང་། ཀུན་ལ་བྱམས་པ་དང་། སྦྱངས་འབྲས་ཞན་པའི་སློབ་མ་ལ་དེ་བས་ཀྱང་དངོས་བསྟུན་གྱི་ཟུར་སྟོན་དང་སེམས་ཁུར་དགོས། 
2 ཤེས་རབ་གླིང་གི་དགེ་རྒན་འཛོམས་སྐྱིད་ཀྱིས་བཤད་རྒྱུར།   སློབ་བུ་ཚོ་དང་འདྲ་མཉམ་མཐུན་སྦྱོར་བྱེད་རྒྱུ་གཙོ་ཆེ་ལ། དུས་རྒྱུན་བྱམས་ཤིང་དུངས་པས་ཁ་བརྡ་མཁོ། ལྷག་པར་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་མར་རྒྱུན་པར་ལུས་སེམས་གཉིས་ཀའི་སྐུལ་འདེད་གལ་ཆེ་བས། ཅི་ནུས་གང་ཐུབ་ཀྱིས་སློབ་བུའི་རང་རྟོན་རང་རློམ་གྱི་འདུ་ཤེས་མཐོ་རུ་འདེགས་དགོས།  
3 བརྩོན་འགྲུས་གླིང་གི་དགེ་རྒན་ཧུའུ་ཁེ་ཡིས་བཤད་རྒྱུར།   འཛིན་བདག་གི་འཁན་ཁུར་བླངས་རྗེས་འགན་ལེན་གྱི་འདུ་ཤེས་ཡོད་དགོས་ལ། སློབ་བུའི་ཐུན་མོང་མ་ཡིན་པའི་ཁྱད་ནུས་སྔོག་འདོན་བྱེད་པར་མཁས་དགོས་པ་མ་ཟད།  སློབ་བུའི་རང་འགན་རང་སྒྲུབ་དང་རང་ཉིད་བདག་དམ་བྱེད་པར་མཐུན་རྐྱེན་སྦྱོར་དགོས།    
4 ཉལ་ཁང་དོ་དམ་ཁང་གི་དགེ་རྒན་ཀླུ་ཐར་གྱིས་བཤད་རྒྱུར། འཛིན་བདག་སྐབས་རེར་ཉལ་ཁང་གི་ཕྱོགས་སུ་ཡོང་ནས་སློབ་བུ་དང་སེམས་གཏམ་གླེང་དགོས།  ཉལ་ཁང་གི་སྒྲིག་ལམ་ལ་ཉལ་ཁང་ཕྱོགས་ཀྱི་དོ་དམ་པ་གཅིག་པུས་ནུས་པ་ཆེར་མི་ཐོན་པས། འཛིན་བདག་གི་སྐུལ་འདེད་དང་སློབ་གསོ་ནི་ཅི་ནས་ཀྱང་ལེགས་པའི་ཐབས་སུ་བརྩི།  
5 ཇ་ཁང་དོ་དམ་པ་དགེ་རྒན་ཚེ་རིང་རྒྱལ་གྱིས་བཤད་རྒྱུར།  སློབ་འབྲིང་དགེ་རྒན་དག་གིས་སློབ་མའི་ཟ་འཐུང་གི་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས་ཤིང་ཆུད་ཟོས་སྔོན་འགོག་ལ་ཤུགས་བརྒྱབ་ནས་གྲོན་ཆུང་བྱེད་ཤེས་པའི་འདུ་ཤེས་སྐྱེད་སྲིང་བྱ་བ།  ཟ་མའི་གྲོན་ཆུང་ཚོགས་པ་དང་སློབ་མའི་ཚོགས་པའི་ལྟ་རྟོག་ནུས་པར་ཤུགས་སྣོན་བྱ་དགོས།    
6 ཆ་འཕྲིན་ཚན་ཁག་གི་དགེ་རྒན་ཧྲའོ་དཔོན་གྱིས་བཤད་རྒྱུར། སློབ་ཁང་གི་སྒྲིག་ཆས་དོ་དམ་ལ་ཤུགས་སྣོན་བྱས་ཏེ།  རྡུལ་འགོག བརླན་འགོག   མེ་འགོག་དང་འཕྲོ་ཆས་གྲོན་ཆུང་།  ལྡེ་མིག་བདག་དམ་ལ་ཤུགས་སྣོན་རྒྱུ་ལས་གཞན་གློག་ཀླད་སྒྲིག་ཆས་སྤྱད་པའི་གནས་ཚུལ་དུས་ལྟར་ཐོ་འགོད་དང་ཕན་ནུས་མཐོར་འདེགས་བྱེད་དགོས། དེར་མ་ཟད་སློབ་གྲྭའི་རྒྱུ་ཆའི་ཐོན་ཁུངས་ལེགས་སྤྱོད་དང་རང་རང་གི་ཁྲིད་ཆས་སོགས་དུས་ཐོག་ཏུ་སློབ་གྲྭའི་ཉེ་ལམ་དྲ་ཚིགས་སུ་སྤྲོད་རྒྱུ། 
7 ཀུན་སྤྱོད་དོ་དམ་ཁང་གི་དགེ་རྒན་འཇམ་དཔལ་གྱིས་བཤད་རྒྱུར། སློབ་མ་བཟང་ངན་གང་ཡིན་རུང་སློབ་གྲྭའི་གནས་ཚུལ་དང་སློབ་མའི་སྲུང་བྱའི་ཐད་ཀྱི་ཤེས་བྱ་མ་ལུས་ཁྱིམ་བདག་དང་གླེང་མོལ་བྱས་ཏེ། ཁྱིམ་བདག་གི་བསམ་བློའི་གོ་རྟོགས་མཐོ་རུ་འདེགས་དགོས་མ་ཟད། སློབ་གྲྭའི་ཁོར་ཡུག་རིག་གནས།   སྒྲིག་ཁྲིམས་རིག་གནས།   བྱ་འགུལ་རིག་གནས།  སྙིང་སྟོབས་རིག་གནས་འཛུགས་བསྐྲུན་ལ་ཤུགས་སྣོན་དང་གཟའ་རེས་ཀྱི་བྱ་བ།  སློབ་མའི་ཚོགས་པའི་ནུས་པ།  དགེ་རྒན་གྱི་ལས་ཞུགས་བྱ་བར་ཤུགས་སྣོན་བྱེད་པ།       
8 སློབ་ཁྲིད་གཙོ་འགན་སློབ་གཙོ་སྙིང་ལྕགས་རྒྱལ་གྱིས་བཤད་རྒྱུར།   སློབ་མའི་སློབ་ཀྱི་རང་གཤིས་དང་ཀུན་སྤྱོད་གསོ་སྦྱོང་དེ་རྒྱུན་འབྱམས་སུ་འགྲོ་དགོས་པའི་མི་ཚད།  སློབ་མར་ཕྱོགས་རིས་མེད་ཅིང་བྱམས་བརྩེ་ཆེན་པོས་ཀུན་ལ་དོ་ཁུར་བྱ་བ་དང་དགེ་རྒན་གྱི་ནུས་པ་བྱང་ཚད་ཅན་དང་ཆེད་མཁས་ཅན་དུ་འགྱུར་བར་ཤུགས་སྣོན་བྱ་དགོས།  
9 མཇུག་མཐར་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར། དགེ་སློབ་གང་ཡིན་རུང་བྱ་བར་འཆར་འགོད་དགོས་ལ་རང་རྟོན་རང་རློམ་དེ་ལས་ཀྱང་དགོས། འཛིན་བདག་ནི་དགེ་རྒན་ཡིན་ལ་དེ་བས་ཀྱང་སློབ་བུའི་འགྲོ་འདུག་སྤྱོད་གསུམ་གྱི་མ་དཔེ་ཡིན།  དགེ་རྒན་གྱིས་སློབ་བུས་རང་ལ་བཟུང་བའི་གདེང་འཇོག་དེ་རོལ་མྱོང་བྱེད་དགོས་བ་དང་།   སྤྱིར་ན་རང་སློབ་གྲྭས་ཆ་འཕྲིན་སློབ་གསོ་གང་ལེགས་སྒོས་ལག་བསྟར་དང་མུ་མཐུད་ནས་གོམས་བྱང་སློབ་གསོ་འཐུས་ཚང་གཏོང་བ་དང་ནན་ཏན་སྒོས་དམིགས་ཚད་དོ་དམ་བྱ་བ་དེ་ལེགས་སྒྲུབ་བྱ་དགོས། མདོར་ན་ཐེངས་འདིའི་འཛིན་བདག་གི་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས་རང་རང་གི་གནས་བབ་ཁྲོད་མི་འདང་སའི་ཆ་ལ་ཁ་སྐོང་དང་ད་དུང་ཕྱོགས་གང་དུ་ཆད་ལྷག་ཡོད་པ་ཁ་གསབ་དང་དག་ཐེར་བྱས་ནས་འཛིན་གྲྭའི་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཀྱི་གོམ་ཁ་གསར་བར་བསྐྱོད་པར་འབད་དགོས་ཅེས་གསུང་བཤད་ནན་མོའི་ཁྲོད་ནས་ཚོགས་འདུ་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།