གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ཀྱི་ལག་རྩལ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་ལས་དོན་ས་ཚུགས་ཀྱི་སྒོ་བྱང་བཀལ་བ།
འགོ་ཁྲིད་རྣམ་པས་རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་ཀའི་ལག་རྩལ་ཞིབ་འཇུག་ལྟེ་གནས་
བོད་ལྗོངས་ལས་དོན་ས་ཚུགས་བཙུགས་པའི་མཛད་སྒོ་ཕྱེ་བ།
ཟླ9བའི་ཚེས22ཉིན། རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་ཀའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་རིག་རྫས་སྲུང་སྐྱོབ་ཁང་དུ་སྒོ་བྱང་བཀལ་བ་རེད།
བོད་ལྗོངས་ནི་རིག་རྫས་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པ་དང་། རིག་རྫས་ཀྱི་ཁྱབ་ཁོངས་ཡངས་ཤིང་ཁྱོན་རྒྱ་ཆེ་བའི་ཡུལ་ཞིག་ཡིན། མིག་སྔར་དུ་རྟོག་ཞིབ་བྱས་ནས་མིང་ཐོ་བཀོད་པའི་རིག་རྫས་ས་གནས་བསྡོམས་པས4277ཡོད་པ་དང་། བོད་ལྗོངས་སུ་རིམ་པ་སོ་སོའི་རིག་རྫས་སྲུང་སྐྱོབ་ལས་ཁུངས707ཡོད། དེའི་ཁྲོད་རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོབ་ལས་ཁུངས་གཙོ་ཤས35དང་། རང་སྐྱོང་ལྗོངས་རིག་རྫས་སྲུང་སྐྱོབ་ལས་ཁུངས188དང་། གྲོང་ཁྱེར(རྫོང)རིག་རྫས་སྲུང་སྐྱོབ་ལས་ཁུངས484དང་། གཞན་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན3དང་གྲོང་རྡལ2དང་། འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་ལས་ཁུངས་གཅིག་དང་གནས་གསུམ་བཅས་ཡོད་པ་རེད། བོད་ལྗོངས་ཀྱི་ཁོངས་སུ་ཡོད་པའི་ལོ་རྒྱུས་རིག་གནས་ཤུལ་རྟེན་མང་ཆེ་བར་ཆར་རླུང་དྲག་པོའི་ཁྲོད་འཇིག་ཉེན་ཆེ་བས་རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་ཀའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གནད་དོན་དེར་དམིགས་ནས་དཔྱད་འབྲས་མཉམ་དུ་མྱོང་བ་དང་རིག་རྫས་སྲུང་སྐྱོབ་ཐད་ཀྱི་ཆེད་ལས་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པའི་ཆེད་དུ་བོད་ལྗོངས་རིག་རྫས་སྲུང་སྐྱོབ་ཞིབ་འཇུག་ཁང་དུ་བོད་ལྗོངས་ལས་དོན་ས་ཚུགས་བཙུགས་པ་རེད།
རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་ཀའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི་ཚན་རྩལ་ཅུའི་ཆོག་མཆན་ལྟར་ཏུན་ཧོང་ཞིབ་འཇུག་ཁང་གཞི་རྟེན་ཏུ་བྱས་ནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཧྲང་ཧེའི་ཀུའེ་སོན་ཡན་ཞིབ་འཇུག་ཁང་དང་། ལན་ཀྲུའུ་སློབ་གྲྭ་ཆེན་མོ། ཀྲེ་ཅང་སློབ་གྲྭ་ཆེན་མོ་སོགས་ཀྱི་ལས་ཁུངས་དག་ཞུགས་པའི་འོག་བཙུགས་པའི་རང་རྒྱལ་ཀྱི་རིག་གནས་ཤུལ་རྟེན་སྲུང་སྐྱོབ་བྱེད་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ལས་ཀའི་ལྟེ་གནས་ཤིག་རེད། ལྟེ་གནས་འདིའི་འགན་འཁྲི་གཙོ་བོ་ནི་རང་རེའི་རྒྱལ་ཁབ་ཀྱི་གནའ་རབས་ལྡེབས་རིས་དང་བཟོ་སྐྲུན་གནས་ཤུལ་མྱུར་སྐྱོབ་བྱེད་དགོས་པའི་དོན་དངོས་ལ་རྐང་བཙུགས་ཏེ་གཙོ་བོ་ཁྱབ་ཁོངས་འདིའི་ཁྲོད་སྲུང་སྐྱོབ་ཀྱི་གནད་དོན་གལ་ཆེན་ཐག་གཅོད་དང་ཐོན་ལས་ཅན་ཏུ་བསྒྱུར་བ་དང་། དུས་ཐོག་ཏུ་ལས་རིགས་འདིའི་འབྲེལ་ཡོད་ཀྱི་ཚད་གཞི་གཏན་ཁེལ་བྱས་ནས་གནའ་བོའི་ལྡེབས་རིས་ཀྱི་སྲུང་སྐྱོབ་ལས་རིགས་བདེ་བླག་ངང་འཕེལ་རྒྱས་འབྱུང་བ་མ་ཟད། རང་རྒྱལ་གྱི་རིག་གནས་ཤུལ་རྟེན་སྲུང་སྐྱོབ་བྱེད་ཁོངས་ལ་ཆེད་ལས་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ་དེ་ཡིན།
འདས་པའི་ལོ་ངོ10ཡི་ནང་དུ། ཏུན་ཧོང་ཞིབ་འཇུག་ཁང་དེ“བོད་ལྗོངས་རིག་རྫས་སྲུང་སྐྱོབ་ཀྱི་ལས་གཞི་གསུམ་སྟེ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ས་སྐྱ་དགོན་པ”བཅས་ཀྱི་ལྡེབས་རིས་སྲུང་སྐྱོབ་ཞིག་གསོ་བྱེད་པའི་ལས་ཀའི་ཁྲོད་ཞུགས་པ་མ་ཟད། “ལོ་ལྔའི་འཆར་གཞི་བཅུ་གཅིག”གི་ལས་གཞིའི་མངའ་རིས་ས་ཁུལ་གྱི་རིག་རྫས་སྲུང་སྐྱོབ་དང་ཞ་ལུ་དགོན་པའི་ལྡེབས་རིས་སྲུང་སྐྱོབ་ཀྱི་ལས་གཞིའི་ཁྲོད་ཞུགས་པ་དང་། བོད་ལྗོངས་ཀྱི་རིག་རྫས་ལས་རིགས་དང་ཡུན་རིང་དུ་མཉམ་འབྲེལ་བྱེད་བཞིན་ཡོད།
ཐེངས་འདིའི་སྒོ་བྱང་བཀལ་བའི་བོད་ལྗོངས་ལས་དོན་ས་ཚུགས་ནི་རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་ཀའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཞིན་ཅང་དང་། ཉིང་ཞ། ནང་སོག་གི་རྗེས་སུ་བཙུགས་པའི་ས་ཚུགས4ཡིན། མ་འོངས་པར་མ་དངུལ་གྱི་རྒྱབ་སྐྱོར་དང་། མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་། ལག་རྩལ་ཁྱབ་བརྡལ། སྲུང་སྐྱོབ་ལས་ཀ་སོགས་ཀྱི་ཐད་ནས་བོད་ལྗོངས་གནའ་བོའི་ལྡེབས་རིས་དང་གནས་ཤུལ་རྙིང་བའི་སྲུང་སྐྱོབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ་རེད། ལྷག་པར་དུ་མི་སྣ་འཇོན་ཐང་ཅན་གྱི་སྐྱེད་སྲིང་ཐད་ནས་བོད་ལྗོངས་ཀྱི་རིག་རྫས་བཤམས་སྟོན་གྱི་ལས་ཀ་ལ་དགའ་ཞེན་ཡོད་པ་དང་། ཡུན་རིང་དུ་བོད་ལྗོངས་ནས་ལས་ཀ་སྒྲུབ་པ། ཆུ་ཚད་མཐོ་བའི་རིག་རྫས་སྲུང་སྐྱོབ་ཀྱི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ནས་བོད་ལྗོངས་རིག་དངོས་ཆ་ཚང་ཞིང་ཡུན་རིང་བོར་སྲུང་སྐྱོབ་བྱེད་པ་ཡིན།