logo

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ལས་གནས་སྔོན་གྱི་གསོ་སྦྱོང་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-21 ཀློག་གྲངས།:

  མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཟླ9བའི་ཚེས14དང15ཉིན་གསར་དུ་བསྡུས་པའི་དགེ་རྒན8དང་ཚབ་ཁྲིད་དགེ་རྒན49ལ་ཉིན་གཉིས་རིང་གི་ལས་གནས་མ་ཞུགས་སྔོན་གྱི་གསོ་སྦྱོང་སྤེལ་བ་རེད། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་སློབ་ཁྲིད་ཀྱི་ལས་སྒོའི་ནུས་པ་སྐྱེད་སྲིང་དང་དགེ་རྒན་གྱི་ཀུན་སྤྱོད་ལེགས་པོ་ཆགས་སུ་འཇུག་པ་དེ་གཉིས་ཡིན།


སློབ་གཙོ་གཞོན་པ་ཡིད་བཞིན་དབང་རྒྱལ་ལགས་ཀྱིས་ལས་གནས་སྔོན་གྱི་གསོ་སྦྱོང་འཆད་ཁྲིད་གནང་བཞིན་པ།

  ཟླ9བའི་ཚེས14ཉིན་གྱི་ཕྱི་དྲོར་སློབ་གྲྭའི་སློབ་ཁྲིད་གཙོ་སྐྱོང་བྱེད་པའི་སློབ་གཙོ་གཞོན་པ་ཡིད་བཞིན་དབང་རྒྱལ་ལགས་ཀྱིས“སློབ་ཁྲིད་ཀྱི་ལས་སྒོའི་ནུས་པ་སྐྱེད་སྲིང་བྱེད་པ”ཞེས་པའི་བརྗོད་དོན་དང་དམ་པོར་འབྲེལ་ནས་ཆུ་ཚོད་གསུམ་ལ་འཆད་ཁྲིད་གནང་བ་རེད། སློབ་གཙོ་ཡིད་བཞིན་དབང་རྒྱལ་ལགས་ཀྱིས་སློབ་ཁྲིད་དོ་དམ་ཐད་ཀྱི་རིམ་པ་བདུན་ནས་བཟུང་སྟེ། ལས་སྒོའི་བྱང་ཚད་ལེགས་པོ་ཡོད་པ་དང་། སློབ་ཁྲིད་ཀྱི་བསམ་པ་རྣམ་དག་ཡིན་དགོས་ཚུལ་བཅས་ཀྱི་སྒོ་ནས་ཤེས་བྱའི་མཁྱེན་རྒྱ་ཡངས་པ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་དགོས་པ་མ་ཟད། སློབ་སྦྱོང་ལ་སྤྲོ་བ་སོགས་ལྡན་དགོས་ཚུལ་ལྷུག་པོར་བརྗོད་པ་རེད། སློབ་གཙོ་ཡིད་བཞིན་དབང་རྒྱལ་ལགས་ཀྱི་འཆད་ཁྲིད་ཀྱིས་གསར་དུ་བསྡུས་པའི་དགེ་རྒན་རྣམ་པར་སློབ་ཁྲིད་བྱེད་པའི་དོན་སྙིང་ཟབ་མོ་དང་རང་དཔེ་གཞན་སྟོན་གྱི་འགན་འཁྲི་ལ་ངེས་ཤེས་གསལ་བོ་ཞིག་བསྐྱེད་པ་རེད།


དགེ་རྒན་རྟ་མགྲིན་རྒྱལ་ལགས་ཀྱིས་ལས་གནས་སྔོན་གྱི་གསོ་སྦྱོང་འཆད་ཁྲིད་གནང་བཞིན་པ།

  ཟླ9བའི་ཚེས15ཉིན། སློབ་གྲྭའི་ཕུལ་བྱུང་དགེ་རྒན་གྱི་རྐང་འཛིན་པ་རྒན་རྟ་འགྲིན་རྒྱལ་ལགས་ཀྱིས་ཁོང་རང་ཉིད་ཀྱི་ལོ་དུ་མའི་རང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་གཞལ་དུ་མེད་པ་གཞིར་བྱས་ནས་དགེ་རྒན་གསར་བའི་ལས་རིགས་ཀྱི་འཕེལ་རྒྱས་ཐད་ལ་གཙོ་གནད་གསུམ་གཟེངས་སུ་བཏོན་པ་སྟེ། གཅིག་ནས་ལས་གྲོགས་མཐུན་སྒྲིལ་དང་སློབ་སྦྱོང་ཧུར་བརྩོན་བྱེད་དགོས་པ། དགེ་རྒན་ཞིག་ཡིན་ཕྱིར་མུ་མཐུད་དུ་སློབ་སྦྱོང་དང་མི་གཞན་ལ་བཀའ་འདྲི་ཞུ་བ་སོགས་ལ་བརྟེན་ནས་ཤེས་བྱ་ཕུན་སུམ་ཚོགས་པོར་གཏོང་དགོས་པ། གཉིས་ནས་སློབ་གྲྭར་དགའ་བ་དང་སྐལ་བཟང་གཅེས་སྤྲས་བྱེད་དགོས་པ། རྒན་རྟ་མགྲིན་རྒྱལ་ལགས་ཀྱིས་གསོན་ཉམས་ལྡན་པའི་དཔེ་མཚོན་སྤྱད་ནས་སློབ་གྲྭར་དགའ་བ་དང་། མཐུན་མོང་གི་ཚོགས་པར་དགའ་བ། ལས་ཀར་དགའ་བ། གོ་སྐབས་ལེགས་པོར་བཟུང་ན་ད་བཟོད་ཉམས་མྱོང་ཇེ་ཕྱུག་དང་ཡར་ཐོན་ཡོང་ཐུབ་པ་རེད་ཟེར། གསུམ་ནས་བརྩེ་སེམས་ལྡན་ཞིང་འགན་འཁྲི་དང་ལེན་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཁྲོད་དུས་དང་རྣམ་པ་ཀུན་དུ་སློབ་མ་རྣམས་ལ་བརྩེ་སེམས་བཅངས་དགོས་པ་དང་། སློབ་མའི་སློབ་སྦྱོང་གི་ཕྱོགས་སོ་སོ་ལ་བདག་སྐྱོང་ལེགས་པོ་བྱས་ན་ད་བཟོད་སློབ་གསོའི་དོན་སྙིང་མངོན་འགྱུར་འབྱུང་སྲིད་བཅས་གནད་གསུམ་གྱི་སྒོ་ནས་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཏུ་འགྱུར་དགོས་ན་ཐོག་མར་དགེ་རྒན་གྱི་སྤྱོད་སྟངས་ལེགས་པོ་ཞིག་ཆགས་དགོས་ཤིང་། ཧུར་ཐག་ཆེན་པོས་དཀའ་ངལ་ཁྱད་གསོད་དང་གནད་དོན་ཅི་རིགས་ཐག་གཅོད་བྱེད་དགོས་ཞེས་བཤད་པ་རེད།
  ཉིན་གཉིས་རིང་གི་གསོ་སྦྱོང་བྱས་པར་བརྟེན་ནས་དགེ་རྒན་གསར་བ་དང་ཚབ་ཁྲིད་དགེ་རྒན་རྣམས་ལ་ངེས་འབྱུང་ཟབ་མོ་ཞིག་བསྐྱེད་བྱུང་བ་སྟེ། ཐེངས་འདིའི་གསོ་སྦྱོང་ནི་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་ཡིན་པ་དང་འདིའི་ཁྲོད་སྤྱི་ཚོགས་ལག་ལེན་གྱི་ཤེས་བྱ་མང་པོ་སློབ་ཐུབ་པས་སློབ་ཁྲིད་ཀྱི་ལས་སྒོའི་ནུས་པ་མཐོར་འདེགས་དང་སློབ་གསོའི་བསམ་བློ་གོང་སྤེལ་བྱས་ཤིང་།མ་འོངས་པའི་སློབ་གསོའི་བྱ་བར་ཁྲིད་སྟོན་གྱི་ཕན་ནུས་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།