མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་གཟེངས་བསྟོད་ཚོགས་འདུ་བསྡུས་པ།
བསྡུས་གྲྭ་ཁྲིད་མཁན་གྱི་དགེ་རྒན་ཡེ་ཤེས་བཟང་པོ་ལ་བྱ་དགའ་གནང་བ།
ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། དགེ་སློབ་སྐོར་ཞིག་སློབ་གྲྭ་གསར་བར་གནས་སྤོར་བ། དགེ་རྒན་གྱི་དུས་ཆེན་བསུ་བ་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་སྟེ་ཟླ9བའི་ཚེས10ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བས་དགེ་སློབ་གཟེངས་བསྟོད་ཀྱི་ཚོགས་འདུ་བསྡུས་པ་རེད།
ཕུལ་དུ་བྱུང་བའི་འཛིན་གཙོ་རྣམས་ལ་བྱ་དགའ་གནང་བ།
ལོ་གཅིག་གི་རིང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་། སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱི་རྒྱབ་སྐྱོར། དེ་མིན་དགེ་སློབ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཧུར་ཐག་བྱས་པ་བརྒྱུད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་གསོའི་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་པ་སྟེ། ཕུལ་དུ་བྱུང་བའི་དགེ་རྒན་དང་། སློབ་གསོའི་ལས་བྱེད་མི་སྣ་སྔོན་ཐོན་ཅན། ཕུལ་དུ་བྱུང་བའི་སློབ་མ་སོགས་མང་དུ་བྱུང་། དེ་བས་མུ་མཐུད་དུ་རྒན་བཀུར་སློབ་སྐྱོང་གི་སྲོལ་བཟང་དར་སྤེལ་དང་སློབ་མ་རྣམས་སློབ་སྦྱོང་བྱེད་པར་ཡར་སྐུལ་བྱེད་ཆེད། གཟེངས་བསྟོད་ཚོགས་འདུའི་ཐོག་སློབ་གྲྭའི་དགེ་རྒན་ཕུལ་དུ་བྱུང་བ་དང་། སློབ་གསོའི་ལས་བྱེད་མི་སྣ་སྔོན་ཐོན་ཅན། ཕུལ་བྱུང་སློབ་མ། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་རྩེ་བུད་ཅན་སོགས་ལ་གཟེངས་བསྟོད་བྱས་པ་མ་ཟད། སློབ་གྲྭའི་སློབ་གཙོས་བྱ་དགའ་ཐོབ་པའི་དགེ་སློབ་རྣམས་ལ་བྱ་དགའ་དང་བྱ་དགའི་གཟེངས་རྟགས་གནང་བ་རེད། ཐེངས་འདིའི་ཚོགས་འདུས《མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཕུལ་བྱུང་སློབ་མའི་སྦྱངས་འབྲས་ལེགས་ཐོན་ཀྱི་བྱ་དགའི་དངུལ་གནང་བའི་བྱེད་ཐབས》 ལག་བསྟར་བྱེད་པའི་འགོ་བརྩམས་ཤིང་། དེ་མ་ཟད2010ལོ་ནས2011ལོའི་ཕུལ་བྱུང་སློབ་མར་བྱ་དགའ་གནང་བ་རེད། བྱ་འགུལ་འདིས་སློབ་མ་རྣམས་ཀྱི་ཧུར་ཐག་གིས་སློབ་སྦྱོང་བྱེད་པའི་བརྩོན་སེམས་བསྐྱེད་ནས་སློབ་སྦྱོང་ལེགས་པོ་བྱེད་པའི་སྲོལ་བཟང་དར་སྤེལ་བྱེད་པར་ཕན་ནུས་མངོན་སུམ་ཐོན།
ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།
མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་གཟེངས་སུ་ཐོན་པའི་སློབ་མར་བྱ་དགའ་གནང་བ།
ཚོགས་ཐོག་ཏུ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གཙོ་རིན་ཆེན་དོན་འགྲུབ་ཀྱིས་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཀྲང་ཝུན་ཁའེ་ཡིས་བྲིས་པའི《མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་དུས་ཆེན་ལ་བསྐུར་བའི་མཚམས་འདྲིའི་འཕྲིན་ཡིག》བཏོན་པ་དང་། འཕྲིན་ནང་དུ་སློབ་གྲྭ་འདིས་ཉེ་བའི་ལོ་ནང་འཕེལ་རྒྱས་བྱུང་བ་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་བྱས་པའི་གྲུབ་འབྲས་ལ་གཟེངས་བསྟོད་ཆེན་པོ་བྱས། དགེ་རྒན་དུས་ཆེན་ཐོག་ཁུལ་སློབ་གསོ་ཅུའུ་ཡིས་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་རྒན་པ་གཅིག་དང་ཕུལ་བྱུང་དགེ་རྒན་གཅིག་ལ་མཚམས་འདྲི་བྱས་ཤིང་། དགེ་རྒན་རྣམ་པས་རྒན་རབས་པ་རྣམས་ཀྱི་རང་དོར་གཞན་སྐྱོང་གི་སྙིང་སྟོབས་ལ་སློབ་སྦྱོང་དང་སོ་སོའི་བྱ་བའི་ལས་གནས་སྟེང་མཛད་རྗེས་བླ་མེད་བསྐྲུན་པར་སྐུལ་འདེད་བྱས།
མཇུག་མཐར་སློབ་གཙོ་རིན་ཆེན་དོན་འགྲུབ་ལགས་ཀྱིས་སློབ་གྲྭའི་འདས་ཟིན་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། མ་འོངས་པའི་མདུན་ལྗོངས་བཅས་ཀྱི་ཐད་ལ་གཏམ་བཤད་གནང་ལ། དགེ་སློབ་རྣམ་པས་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་སློབ་གསོའི་བྱ་གཞག་སྒྲུབ་པ་དང་། མི་རིགས་ཀྱི་སློབ་གསོར་ནུས་པ་གང་ཡོད་འདོན་པ། མི་རིགས་ལ་ཤེས་ཡོན་ལྡན་པའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་དགོས་པར་སྐུལ་འདེད་བྱས།
ཐེངས་འདིའི་གཟེངས་བསྟོད་ཚོགས་འདུ་ནི་མཚོ་ལྷོ་ཁུལ་ཨུ་དང་། ཁུལ་སྲིད་གཞུང་། གོང་རིམ་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱིས་དགེ་སློབ་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་ངལ་རྩོལ་ལ་གདེང་འཇོག་མཐོན་པོ་གནང་བ་མཚོན་ཐུབ་པ་མ་ཟད། རྗེས་མར་དགེ་རྒན་རྣམ་པས་སྔར་ལས་ལྷག་པར་སློབ་གསོའི་བྱ་བར་བརྩོན་པར་རྨང་བཏིངས་བ་རེད།