《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》གི་དེབ་དང་པོ་ལེགས་འགྲུབ་བྱུང་བ།
དུས་རབས་ཕྱེད་ཀ་ལྷག་གི་རིང་དུ་མི་རབས་འགའ་ཡིས་འབད་བརྩོན་ལྷོད་མེད་བྱས་མཐར། 《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》གི་དེབ་དང་པོ་སྟེ 《མོ་ཀའོ་བྲག་ཕུག་གི་བྲག་ཁུང 266--275བར་དུ་གནའ་རྫས་རྟོག་ཞིབ་བྱས་པའི་སྙན་ཞུ》ཞེས་པ་ལེགས་འགྲུབ་བྱུང་བ་མ་ཟད། རིག་དངོས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས། གནས་ཚུལ་འདི་ནི་གསར་འགོད་པས་ཏུན་ཧུང་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་རེད།
ཏུན་ཧུང་གི་བྲག་ཕུག་ཡོད་ཚད་ཀྱི་གནའ་རྫས་རྟོག་ཞིབ་སྙན་ཞུའི་ཡིག་ཆ་རྩོམ་སྒྲིག་པར་བསྐྲུན་བྱས་ཏེ།《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》པར་བསྐྲུན་ལེགས་འགྲུབ་བྱ་རྒྱུ་ནི།ཏུན་ཧུང་གི་བྲག་ཕུག་སྲུང་སྐྱོབ་དང་ཞིབ་འཇུག་ལས་རིགས་ཁག་སོ་སོ་ཡི་རྨང་གཞིའི་ལས་དོན་རྒྱ་ཆེན་པོ་ཞིག་རེད།ཕྱོགས་བསྒྲིགས་ཆ་ཚང་ལ་བསྡོམས་པས་དེབ་བརྒྱ་པར་བསྐྲུན་བྱེད་རྩིས་ཡོད་ལ།ཚོད་རྩིས་བྱས་པ་ལྟར་ན་མི་རབས་ཁ་ཤས་བརྒྱུད་དགོས་པ་རེད། 《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》རྩོམ་སྒྲིག་པར་བསྐྲུན་བྱེད་པའི་འཆར་གཞི་དེ། དུས་རབས 20 བའི་ལོ་རབས 50 བ་ནས་བཏོན་ཡོད་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མངོན་འགྱུར་བྱུང་མ་ཐུབ། སྤྱི་ལོ 1994ལོར་ཏུན་ཧུང་ཞིབ་འཇུག་ཁང་གིས་སླར་ཡང 《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》རྩོམ་སྒྲིག་པར་བསྐྲུན་བྱེད་པའི་འཆར་གཞི་སྤེལ་འགོ་བརྩམས་པ་རེད།
ད་ཐེངས་ལེགས་འགྲུབ་བྱུང་བའི 《མོ་ཀའོ་བྲག་ཕུག་གི་བྲག་ཁུང 266--275 བར་དུ་གནའ་རྫས་རྟོག་ཞིབ་བྱས་པའི་སྙན་ཞུ》 ཞེས་པར། ཡི་གེར་བཀོད་པ་དང་རི་བྲིས་རིས། པར་བསྐྱོན་པ་སོགས་ཟིན་འགོད་བྱ་ཐབས་སྣ་ཚོགས་སྤྱད་དེ། བྲག་ཁུང་གི་གནས་ཡུལ་དང་ཕྱི་ནང་ངོས་སོ་སོ། བྲག་ཁུང་གི་གྲུབ་ཚུལ་དང་སྐུ་འདྲ། ལྡེབས་རིས། ཉར་ཚགས་བྱས་པའི་གནས་ཚུལ། རྟགས་མཚན་གང་དུ་གཏོགས་པ་སོགས་ཕྱོགས་ཡོངས་ནས་ཟིན་འགོད་བྱས་ཡོད་པས། བྲག་ཕུག་གི་དཔྱད་གཞིའི་རྒྱུ་ཆ་ཆེས་ཁུངས་འཕེར་ཞིག་ཡིན་པ་མ་ཟད། རྗེས་ཕྱོགས་སུ་བྲག་ཕུག་ཞིག་གསོ་དང་བསྐྱར་བཞེངས་བྱེད་པར་ཚན་རིག་རང་བཞིན་གྱི་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད།
《ཏུན་ཧུང་བྲག་ཕུག་གི་ཡིག་རྙིང་ཕྱོགས་བསྒྲིགས་ཆ་ཚང》གི་དེབ་དང་པོ་སྟེ 《མོ་ཀའོ་བྲག་ཕུག་གི་བྲག་ཁུང 266--275 བར་དུ་གནའ་རྫས་རྟོག་ཞིབ་བྱས་པའི་སྙན་ཞུ》ཞེས་པ་ལེགས་འགྲུབ་བྱུང་བ་ཡིས། མི་རབས་འགའི་ཆེད་ལས་མཁས་པ་དག་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ལ། ཏུན་ཧུང་བྲག་ཕུག་ཞིབ་འཇུག་ཁྲོད་ཀྱི་སྟོང་ཆ་བསྐངས་ཡོད་པ་མ་ཟད། ལོ་རྒྱུས་ཤུལ་བཞག་རིག་གནས་ཞིབ་འཇུག་ལ་སྐུལ་འདེད་དང་། རྒྱལ་ཕྱི་ནང་གི་མཁས་པ་དང་རིག་གཞུང་སྡེ་ཁག་གི་ཏུན་ཧུང་བྲག་ཕུག་གི་དཔྱད་གཞིའི་དགོས་མཁོ་སྐོང་བ་བཅས་ཚང་མར་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་གནའ་རྫས་རྟོག་ཞིབ་སྙན་ཞུ་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ། ཚད་གསུམ་རྣོ་ཟེར་བཤེར་འབེབས་ཆས་དང་། ཆོན་ཀྲན་དབྱི། བརྙན་ལེན་ཆས། གློག་ཀླད་མཉེན་ཆས་བཅས་རྩིས་འཁོར་ལག་རྩལ་དང་ཨང་ཀིའི་ལག་རྩལ་སོགས་བཀོལ་སྤྱོད་བྱས་པར་བརྟེན་ནས། གནའ་རྫས་རྟོག་དཔྱད་ཀྱི་སྤུས་ཚད་དང་ནུས་པ་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་དང་། བྲག་ཕུག་གཞན་དག་གི་གནའ་རྫས་རྟོག་ཞིབ་ཀྱི་སྙན་ཞུ་རྩོམ་སྒྲིག་དང་འཚོལ་ཞིབ་བྱེད་པར་ཉམས་མྱོང་གལ་ཆེན་བསགས་ཡོད་པ་རེད།