logo

མཚོ་ལྷོ་ཁུལ་གྱིས“ལ་གཞས”ཀྱི་རིག་གཞུང་བགྲོ་གླེང་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-17 ཀློག་གྲངས།:


རིག་གཞུང་བགྲོ་གླེང་གྲོས་ཚོགས་ཀྱི་ཡུལ་དངོས།

  ཉེ་སྔོན་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི“ལ་གཞས”ཀྱི་རིག་གཞུང་བགྲོ་གླེང་གྲོས་ཚོགས་ཁྲི་ཀ་རྫོང་སྲིན་པོ་གླིང་ཀ་རུ་ཚོགས། ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་སུ་དེ་སྔོན་གྱི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་པདྨ་རིན་ཆེན་ལགས་དང་། ཁུལ་རིག་གནས་ལུས་རྩལ་ཅུའི་ཅུའུ་ཀྲང་ལི་ཨའེ་མིན་ལགས། མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་སློབ་གཙོ་གཞོན་པ་བན་དེ་ཚེ་རིང་ལགས། མཚོ་ལྷོ་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཆབ་འགག་རྡོ་རྗེ་ཚེ་རིང་ལགས། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་གི་སྒྱུ་རྩལ་སྤྱིའི་ལྟ་ཞིབ་པའམ་རྒྱལ་ཁབ་ཀྱི་ཨང་རིམ་དང་པོའི་གཞས་གདངས་རྩོམ་མཁན་གསང་བདག་ལགས། ཁུལ་རིག་གནས་ལུས་རྩལ་ཅུའི་ཞིབ་དཔྱོད་པ་དཀོན་མཆོག་སྐྱབས་ལགས། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིའི་རྒྱུད་འཛིན་པ་ཆོས་སྐྱིད་སྒྲོལ་མ་སོགས་ཆེད་མཁས་པ་དང་མཁས་དབང་རྣམས་ཚོགས་འདུར་ཞུགས་པ་རེད།
  མཚོ་ལྷོ་ཁུལ་རིག་གནས་ཅུའི་ཅུའུ་ཀྲང་ལི་ཨའེ་མིན་གྱིས་བགྲོ་གླེང་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མྱུར་སྐྱོབ་བྱ་བ་གཙིགས་སུ་བཟུང་ནས་མཚོ་ལྷོའི་དོན་དངོས་དང་དམ་འབྲེལ་སྒོས་ཕྱོགས་ཡོངས་ནས“སྲུང་སྐྱོབ་གཙོར་འཛིན་དང་། མྱུར་སྐྱོབ་དང་པོ། ཚུལ་མཐུན་བཀོལ་སྤྱོད། འཕེལ་རྒྱས་རྒྱུད་འཛིན”གྱི་བྱ་བའི་བྱེད་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ཤིང་། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་བྱ་བའི་དཔུང་སྡེ་འཛུགས་སྐྲུན་གྱི་ཆུ་ཚད་དང་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་གྱི་ཆེད་ལས་བྱང་ཚད་མཐོར་འདེགས་བྱས་ཏེ་ཁྱོན་ཡོངས་དང་། ཏན་ཏིག ཕན་ནུས་ལྡན་པ། མགྱོགས་མྱུར་གྱིས་སྤེལ་བའི་རྣམ་པ་ལེགས་པོ་མངོན་པར་བྱེད་ཅི་ཐུབ་བྱ་དགོས་ཞེས་བཤད་པ་རེད། དེ་ལས་གཞན་ཆེད་མཁས་པ་དང་མཁས་དབང་རྣམས་ཀྱིས《བོད་ཀྱི་ལ་གཞས་ཀྱི་ད་ལྟའི་གནས་བབ་དང་འཕེལ་ཕྱོགས་སྐོར་གླེང་བ》དང་། 《ལ་གཞས་ཀྱི་གཞས་གདངས་རིགས་དབྱེ་དང་དབྱངས་ཀྱི་འགུག་སྟངས་སྐོར་གླེང་བ》《ལ་གཞས་རྒྱུད་འཛིན་པ་མྱུར་སྐྱོབ་དང་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ》སོགས་ཀྱི་བརྗོད་གཞི་མང་པོ་ལ་བགྲོ་གླེང་རྒྱ་ཆེན་པོ་བྱས་པ་བརྒྱུད་ལྟ་བ་གཅིག་མཐུན་བྱུང་པ་སྟེ། གཅིག་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་གཞས་རིག་གནས་འཕེལ་རྒྱས་མཐུན་ཚོགས་འཛུགས་པ། མཚོ་ལྷོ་ས་ཁུལ་གྱི་དམངས་ཁྲོད་ལ་གཞས་རིག་གནས་རྒྱུ་ཆ་འཚོལ་སྡུད་དང་སྔོག་འདོན་བྱས་ཏེ་གཉུག་མའི་ལ་གཞས་ལེགས་སྒྲིག་དང་འགྲེམ་སྤེལ་བྱེད་པ་དང་། ལ་གཞས་རིག་གནས་ཀྱི་རྒྱུད་འཛིན་བྱ་བ་ལེགས་པོར་བསྒྲུབ་པ། གཉིས་ནི་འགྲན་སྡུར་གོ་རིམ་གྱི་བྱ་དགའ་གནང་བའི་ནང་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། འགྲན་སྡུར་ལ་དར་མ་རུ་ཁག་དང་ན་གཞོན་རུ་ཁག་སོ་སོ་བགོས་ནས་སྤེལ་དགོས་པ་མ་ཟད། བྱ་དགའི་དངུལ་ཇེ་མང་དུ་བཏང་ནས་དེ་ལས་མང་བའི་ཕུལ་དུ་བྱུང་བའི་གླུ་བ་བཙལ་ནས་ལ་གཞས་རིག་གནས་སྔར་ལས་ལྷག་པར་རྒྱུད་འཛིན་དང་གོང་འཕེལ་དུ་གཏོང་བ། གསུམ་ནི་གཉུག་མའི་ལ་གཞས་རྒྱུད་འཛིན་བྱེད་པ་དང་མཉམ་དུ། ལ་གཞས་ཀྱི་གཞས་གདངས་སྣ་ཚོགས་སྡུད་ལེན་བྱེད་དགོས། དཔེར་ན་ལ་གཞས་དགུ་ཚིག་མ་སོགས་ཀྱང་འགྲན་སྡུར་གྱི་སྣ་ཁའི་ནང་བཞག་ནས་གསར་གཏོད་ལ་བརྟེན་ནས་བསྒྱུར་བཅོས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་གོང་འཕེལ་གཏོང་བ། དེང་རབས་ཀྱི་ལེན་ཕྱོགས་དང་གཉུག་མའི་ལེན་ཕྱོགས་གཅིག་བསྡུས་སྒོས་མཚོ་ལྷོ་ས་ཁུལ་གྱི་ལ་གཞས་རིག་གནས་མ་ལག་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་གཏོང་བ། བཞི་ནི་སྲིད་གཞུང་གིས་མ་དངུལ་བཏང་ནས་ལ་གཞས་ཀྱི་སློབ་གསེང་བསླབ་དེབ་ཅིག་བསྒྲིག་སྟེ་རིན་མི་དགོས་པར་མི་རིགས་སློབ་འབྲིང་དང་སློབ་ཆུང་སོ་སོར་འགྲེམ་ཞིང་། སློབ་མ་རྣམས་ཀྱིས་དེ་ལ་སློབ་སྦྱོང་བྱེད་པར་སྐུལ་དགོས། དེ་དང་མཉམ་དུ་ཕོ་མོ་ལེན་རེས་བྱེད་པའི་འགྲན་སྡུར་རྩ་འཛུགས་བྱས་ཏེ་ལ་གཞས་རྒྱུད་འཛིན་གྱི་ཁྱབ་རྒྱ་ཇེ་ཆེ་དང་རང་མི་རིགས་ཀྱི་སློབ་མ་རྣམས་ལ་ཆུང་དུས་ནས་མི་རིགས་དམངས་ཁྲོད་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།
  ཐེངས་འདིའི་བགྲོ་གླེང་གིས་རང་རྒྱལ་གྱི་ཤུལ་བཞག་རིག་གནས་བྱ་གཞག་གི་ད་ཡོད་ཀྱི་སྐལ་བཟང་གཅེས་སྤྲས་བྱས་ནས། ཤུལ་བཞག་རིག་གནས་བྱ་གཞག་ལ་རྣམ་པ་གསར་བ་བསྐྲུན་རྒྱུར་ཧུར་ཐག་བྱེད་པ་དང་། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཁྱབ་སྒྲོག་འགྲེམ་སྟོན་དང་རྒྱུན་འཛིན་དར་སྤེལ་གཏོང་བར་རྨང་གཞི་བརྟན་མོ་ཞིག་བཏིངས་པ་རེད།


འབྲེལ་ཡོད་འོས་སྦྱོར།