མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་པ་གྲགས་ཅན་གྱི་དཔེ་ཚོགས་པར་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཆེད་ལས་མི་སྣས་བརྙན་ཕབ་དང་། ཟིན་ཐོར་འགོད་པ།བསྡུ་སྒྲིག་བཅས་བྱས་པ་དང་། དེ་མིན་དམངས་ཁྲོད་ཀྱི་སྒྲུང་བ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་པ་གྲགས་ཅན་གྱི་དཔེ་ཚོགས་དེབ་ཐེངས་གསུམ་པ་སྟེ《ཨ་སྟག་ལྷ་མོ》དང་། 《སྟག་གཟིག་འོལ་མོ་ལུང་རིང》《ལྕགས་མོ་འབྲི་རྫོང》《མེས་པོ་ར་རྫོང》《ས་ལེ་གསེར་རྫོང》བཅས་ཁག་ལྔ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་དང་། མཚོ་སྔོན་ཞིང་ཆེན་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ། སྙན་ངག་པ་སྐད་གྲགས་ཅན་ཅི་ཏེ་མ་ཅ་ལགས་ཀྱིས་དཔེ་ཚོགས་དེར་འགོ་བརྗོད་བྲིས་པ་རེད། ཁོང་གིས་བཤད་རྒྱུར། མཚོ་སྔོན་ནས་གེ་སར་སྒྲུང་པའི་དཔེ་དེབ་པར་སྐྲུན་བྱས་པ་དང། ཐོག་མའི་རྒྱུ་ཆ་བསྡུ་སྒྲིག ལག་བྲིས་སྣ་མང་འཚོལ་བསྡུ། སྒྲུང་པའི་ངག་ཐོག་གི་སྒྲུང་བརྙན་ཕབ་བྱས་ནས་མྱུར་སྐྱོབ་བྱས་པ། སྒྲུང་པ་གསར་རྙེད་དང་འདྲི་འཚོལ་བྱས་ནས་སྒྲུང་པའི་ཡིག་ཚགས་བསྒྲིགས་པ། 《གེ་སར་ཞིབ་འཇུག》གི་དུས་དེབ་ཐོག་མར་བཏོན་པ། ཀྲུང་གོའི《གེ་སར》ཞིབ་འཇུག་གི་དྲ་བ་གསར་དུ་བཙུགས་པ། 《གེ་སར》གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་པ་སོགས་བྱས་པས་གྲུབ་འབྲས་མངོན་གསལ་ཐོན་ཅིང་། རྒྱལ་ཁབ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་གཟེངས་བསྟོད་དང་རྒྱལ་སྤྱིའི་རིག་གཞུང་གི་ཁོངས་སུ་གདེང་འཇོག་མཐོན་པོ་ཐོབ་ཅེས་བརྗོད་པ་རེད།