རི་སྔོན་བླ་མ་ཐར་གྱི་སྙན་དེབ《གཉན་ཆེན་ཐང་ལྷ》ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།

བོད་ཀྱི་སྙན་ངག་པ་རི་སྔོན་བླ་མ་ཐར་གྱི་སྙན་དེབ《གཉན་ཆེན་ཐང་ལྷ》།
ཉེ་སྔོན། བོད་ཀྱི་སྙན་ངག་པ་རི་སྔོན་བླ་མ་ཐར་གྱི་སྙན་དེབ《གཉན་ཆེན་ཐང་ལྷ》ཞེས་པ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། འདི་ནི་ཁོང་གི་ཐོག་མའི་སྙན་དེབ《ཡུལ་ལ་ལོག་པའི་ལམ་བར་དུ》ཞེས་པའི་རྗེས་ཀྱི་སྙན་དེབ་གཉིས་པ་དེ་རེད།
སྙན་དེབ་འདིའི་ནང་བསྡོམས་པས་སྙན་ངག100ལྷག་ཡོད་ཅིང་། གཙོ་ཆེར་རྩོམ་པ་པོ་ཁོ་རང་གིས་རང་བྱུང་ཁམས་ལ་དུང་བའི་བརྩེ་བ་བརྗོད་པ་དང་། རང་བྱུང་ཁམས་ལ་བསྟོད་པ་བྱེད་པ་ཡིན་ལ། མི་དང་རང་བྱུང་ཁམས། ཚེ་སྲོག་བར་གྱི་འབྲེལ་བ་རྟོག་ཞིབ་བྱེད་པ་མཚོན་གྱི་ཡོད། རྩོམ་པ་པོས་བཞུད་བགྲོད་དང་ཕྱིར་དྲན། བསམ་གཞིགས་སོགས་ཀྱི་ལམ་ནས་བརྩམས་པའི་བརྩམས་ཆོས་འདི་དག་ལས་དུས་ཀྱི་བཞུར་རྒྱུན་དང་། སྤྱི་ཚོགས་ཀྱི་འགྱུར་ལྡོག མི་ཚེའི་དགའ་སྐྱོ་སོགས་བསྟུད་མར་མངོན་ཞིང་། འདིའི་ནང་དོན་རྒྱ་ཆེ་བ་དང་། བསམ་བློའི་གཏིང་ཟབ་པ། ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།
གཉན་ཆེན་ཐང་ལྷ་ནི་མཚོ་བོད་མཐོ་སྒང་དུ་གནས་པའི་ཁྱད་འཕགས་ས་བབ་ལས་བོད་རིགས་དད་ལྡན་མང་ཚོགས་ཀྱིས་གནས་རི་གལ་ཆེན་ཞིག་ཏུ་རྩིས་ཀྱི་ཡོད། རི་རྩེར་སྨུག་སྤྲིན་གྱིས་ཡོངས་སུ་ཁེངས་ཤིང་། རི་འདབས་སུ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་དང་རྟ་ནོར་ལུག་གསུམ་གྱིས་ཡོངས་སུ་ཀླུབས་ནས་ཡོད། ཕྱུག་རྫི་རྣམས་སོས་དལ་བག་ཕེབས་ཀྱིས་ཕྱུག་རིགས་འཚོ་སྐྱོང་བྱེད་ཅིང་། ཁོ་ར་ཁོར་ཡུག་ཀུན་ཏུ་ལྷིང་འཇགས་དང་རང་དབང་གི་རྣམ་པས་ཁེངས་བ་དེར་བལྟས་ན་དངོས་གནས་ལྷ་སྒྲུང་ལྟ་བུའི་གཟུགས་སྙན་ཞིག་ངང་གིས་འཆར་ངེས། གཉན་ཆེན་ཐང་ལྷ་དང་འབྲེལ་བའི་གཏམ་རྒྱུད་རྣམས་ཀྱང་དམངས་ཁྲོད་དུ་རླུང་ལྟར་ཁྱབ་ནས་ཡོད།

བོད་ཀྱི་སྙན་ངག་པ་རི་སྔོན་བླ་མ་ཐར།
བླ་མ་ཐར་ནི་དུས་རབས་བདུན་ཅུའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་རྒན་གྱཱ་རྩྭ་ཐང་དུ་སྐྱེས་ཤིང་། སྔ་གཞུག་ཏུ《སྦྲང་ཆར》དང《མཚོ་སྔོན་བོད་ཡིག་ཚགས་པར》། 《བོད་ལྗོངས་རྩོམ་རིག》སོགས་སུ་སྙན་ངག100ལྷག་སྤེལ་ཞིང་། 2009ལོར་སྙན་དེབ《ཡུལ་ལ་ལོག་པའི་ལམ་བར་དུ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
