ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལེགས་སྦྱར་ཡི་གེའི་གསུང་རབ་ཞིབ་འཇུག་གླེང་སྟེགས་འཚོགས་པ།
ཉེ་ལམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གིས་ཤིང་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་ཡི་གེའི་གསུང་རབ་ཀྱི་ཞིབ་འཇུག་གླེང་སྟེགས་འཚོགས། པེ་ཅིན་སློབ་ཆེན་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ཞང་ཀང་སློབ་ཆེན། ཞང་ཀང་རྒྱ་ཡིག་སློབ་ཆེན། ཐའེ་ཝན་ས་ཁུལ་བཅས་དང་དེ་བཞིན་འཇར་མན་ལའེ་པི་ཞི་སློབ་ཆེན་སོགས་ནས་ཕེབས་པའི་ཆེད་ལས་མཁས་པ30ལྷག་གླེང་སྟེགས་ལ་ཞུགས་པ་དང་། ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ12ཀྱིས་བརྗོད་གཞི་གཙོ་བོའི་གཏམ་བཤད་གནང་། དེའི་ནང་ཆེད་ལས་མཁས་པ9ཡིས་ཤིང་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་ཡི་གེའི་གསུང་རབ་ལ་ཞིབ་འཇུག་ཇི་ལྟར་བྱ་རྒྱུའི་ཐད་ལྟ་ཚུལ་དང་དགོངས་འཆར་བཏོན་པ་རེད།
ཞིབ་འཇུག་གླེང་སྟེགས་སྟེང་དུ་ཕེབས་པའི་ཀྲུང་གོའི་སྐམ་ས་དང་། ཀང་ཨའོ་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་བཅས་ཀྱི་ཆེད་ལས་མཁས་པ་ཚང་མ་ནི་ལེགས་སྦྱར་ཡི་གེའི་ལས་དོན་གཉེར་མཁན་དང་ནང་བསྟན་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་གྲགས་ཅན་དག་ཡིན། ཁོང་ཚོའི་གྲས་སུ་ལེགས་སྦྱར་ཡི་གེའི་དཔེ་བྲིས་མའི་ཆེད་མཁས་ཡོད་པར་མ་ཟད། ད་རུང་ནང་བསྟན་རིག་པའི་ཁྱབ་ཁོངས་ནང་མཁྱེན་རྒྱ་ཤིན་ཏུ་ཡངས་པོའི་མཁས་དབང་ཡོད། ཚང་མས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འདི་འདྲའི་ཆེད་དོན་རིག་གཞུང་གླེང་སྟེགས་སྤེལ་བར་བསྟོད་བསྔགས་གནང་བ་དང་། ཞིབ་འཇུག་ལྟེ་གནས་ཀྱིས་མཐུན་སྦྱོར་དང་སྒྲིག་འཛུགས་ཀྱི་ནུས་པ་འདོན་ཐུབ་ཡོད་པར་ངོསའཛིན་གནང་བ་དང་ཆབས་ཅིག་ཏུ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཉེ་ལོར་རྒྱལ་སྤྱིའི་མཉམ་ལས་བརྒྱུད་ཞིབ་འཇུག་ཐད་གྲུབ་འབྲས་མི་དམན་པ་བླངས་པ་ལའང་གདེང་འཇོག་ཚད་མཐོན་པོར་གནང་བ་རེད། ཚོགས་འདུར་ཞུགས་མཁན་རྣམས་ཀྱིས་ཤིང་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་ཡི་གེའི་གསུང་རབ་ཀྱི་ཞིབ་འཇུག་ལས་གཞིར་སྤྲོ་སེམས་ཆེན་པོ་བསྟན་པ་དང་། ཞིབ་འཇུག་ལས་གཞིའི་ནང་ཞུགས་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད།
ཤིང་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་ཡི་གེའི་གསུང་རབ་བརྗོད་གཞི་གཙོ་བོར་བྱས་ཤིང་། རྒྱལ་ནང་གི་མཁས་པ་ཞུགས་མཁན་གཙོ་བོར་གྱུར་བའི་དཔེ་བྲིས་མའི་ཚོགས་འདུ་སྤེལ་བ་ནི་རྒྱལ་ནང་དུ་ཐོག་དང་པོ་ཡིན།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ། ཞིབ་འཇུག་པ་དགྲ་འདུལ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་།