བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོས་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་བྱ་བར་རོགས་འདེགས་བྱས་པ།
ཉེ་སྔོན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་བཅོས་བསྒྱུར་བྱ་བའི་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། བདེ་ཆེན་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་དང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གིས་ཁུལ་ཡོངས་སུ་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་བྱ་བར་ཞལ་འདེབས་ཕུལ་དགོས་པའི་འབོད་སྐུལ་བཏང་བས། ཁུལ་རིམ་པའི་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཚོགས་པ། ལས་དོན་ལས་ཁུངས་དང་རྒྱ་ཆེའི་ལས་བྱེད་མི་སྣ། ལས་བཟོ་བ་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། ཁུལ་ཡོངས་སུ་སློབ་གསོ་བཅོས་བསྒྱུར་བྱ་བར་ལས་རིགས་སོ་སོས་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་པའི་སྲོལ་བཟང་ཞིག་རིམ་གྱི་ཆགས་ཡོད་པ་རེད།
ན་ནིང་བདེ་ཆེན་ཁུལ་གྱིས་བསྡོམས་པས་ཞལ་འདེབས་མ་དངུལ་སྒོར་ཁྲི1090.2བསྡུས་ཤིང་། མ་དངུལ་འདི་དག་གིས་ཁུལ་ཡོངས་ཀྱི་སློབ་གསོ་བཅོས་བསྒྱུར་བྱ་བར་ནུས་ཤུགས་ཆེན་པོ་བཏོན། 2011ལོའི་སློབ་ཞུགས་རོགས་སྐྱོར་བྱེད་པའི་ཞལ་འདེབས་བྱ་བ་ཕྱོགས་ཡོངས་སུ་སྤེལ་འགོ་བརྩམས་པ་དང་། བདེ་ཆེན་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་དང་བདེ་ཆེན་ཁུལ་རྩིས་བཤེར་ཅུའུ། བདེ་ཆེན་ཁུལ་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ། བདེ་ཆེན་ཁུལ་ལུད་རྫས་ས་ཚིགས་བཅས་ཁུལ་ཐད་གཏོགས་སློབ་གྲྭ་སོ་སོའི་ད་ལོའི་སློབ་ཞུགས་རོགས་སྐྱོར་ལས་འགན་དང་། བདེ་ཆེན་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས། བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་སོགས་ལས་བྱེད་པའི་ཞལ་འདེབས་རོགས་སྐྱོར་བྱ་བ་ལེགས་འགྲུབ་བྱུང་ཡོད།
རྒྱུས་ལོན་པ་ལྟར་ན། 2011ལོའི་ཁུལ་ཡོངས་སུ་འཆར་འགོད་ལྟར་ཧྲག་བསྡུ་བྱས་པའི་སློབ་ཞུགས་རོགས་དངུལ་སྒོར་ཁྲི4500བསླེབས་ཡོད་པ་དང་། དེའི་ནང་ཁུལ་རིམ་པས་སློབ་ཞུགས་རོགས་དངུལ་སྒོར་ཁྲི1200། སེམས་ཀྱི་ཉི་ཟླ་རྫོང་གིས་སློབ་ཞུགས་རོགས་དངུལ་སྒོར་ཁྲི1200། བདེ་ཆེན་རྫོང་གིས་སློབ་ཞུགས་རོགས་དངུལ་སྒོར་ཁྲི800དང་འབའ་ལུང་རྫོང་གིས་སློ་ཞུགས་རོགས་དངུལ་སྒོར་ཁྲི1000། གསར་སྤེལ་ཁུལ་གྱིས་སློབ་ཞུགས་རོགས་དངུལ་སྒོར་ཁྲི300བཅས་འདོན་སྤྲོད་བྱས། སློབ་ཞུགས་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བའི་དུས་ཡུན་ཟླ7པའི་ཚེས1ཉིན་ནས་ཟླ10བའི་ཚེས31ཉིན་བར་ཡིན།