logo

གེ་སར་དངོས་མང་བཤམས་སྟོན་ཁང་ཐོག་མ་མགོ་ལོག་ཁུལ་ནས་འཛུགས་འགོ་ཚུགས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2011-07-25 ཀློག་གྲངས།:

  ཟླ་7པའི་ཚེས་20ཉིན་གྱི་སྔ་དྲོར། མགོ་ལོག་ཁུལ་གྱིས་རིག་གནས་འཕེལ་བའི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་བྱ་གཞག་ཅིག་བསུས་འོང་པ་སྟེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་སའི་གེ་སར་དངོས་མང་བཤམས་སྟོན་ཁང་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། མགོ་ལོག་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ལས་ཀ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད།   འཛུགས་སྐྲུན་གྱི་ལས་གཞི་འགོ་ཚུགས་པར་རྨང་རྡོའང་འཕངས་པ་རེད། 
  མགོ་ལོག་ཁུལ་གྱི་གེ་སར་དངོས་མང་བཤམས་སྟོན་ཁང་ལ་དམངས་སྒོར་ཁྲི་2650འགྲོ་སོང་བཏང་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5300ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་གེ་སར་སྐོར་གྱི་རིག་གནས་གཙོ་བྱས་པའི་དངོས་མང་བཤམས་སྟོན་ཁང་ཐོག་མ་ཡིན་ལ།  མགོ་ལོག་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་ཐོག་མའང་ཡིན་པ་རེད། དངོས་མང་བཤམས་སྟོན་ཁང་གསར་འཛུགས་བྱས་པ་ལས། མགོ་ལོག་ཁུལ་གྱི་གེ་སར་རིག་གནས་གཙོ་བྱས་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ལ་སྲུང་སྐྱོབ་བྱེད་པ་དང་རིག་གནས་དེ་དག་འགྲེམས་སྟོན་བྱེད་པའི་བྱ་བ་རྣམས་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།
  གེ་སར་སྒྲུང་ནི་འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱས་སྙན་ངག་གསོན་པོ་དེ་ཡིན་ཞིང་། 2009ལོར་འཛམ་གླིང་གི་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་གིས་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ་རེད། ཉེ་བའི་ལོ་ཤས་རིང་ལ།   མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དང་གོང་རིམ་ལས་གཉེར་སྡེ་ཁག་གིས་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་བྱས་པའི་འོག    འབད་པ་ལྷུར་ལེན་བྱས་པ་ལས་མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཞིབ་འཇུག་དང་རིག་གནས་སྲུང་སྐྱོབ་ཀྱི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། གེ་སར་རིག་གནས་མགོ་ལོག་ཁུལ་གྱི་ཁྱད་ཆོད་ལྡན་པའི་རིག་གནས་ཁྱད་རྟགས་ཤིག་ཏུ་གྱུར་ཡོད་པ་རེད།  2008ལོར་མགོ་ལོག་ཁུལ་ལ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་ལྷན་ཚོགས་ཀྱིས་ “ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས ”དང་ “ཀྲུང་གོའི་གེ་སར་རིག་གནས་ཞིབ་འཇུག་གནས་གཞི”ཞེས་པའི་མིང་བཏགས་པ་རེད། 
  དངོས་མང་བཤམས་སྟོན་ཁང་དེ་བཙུགས་པས་ནི་མགོ་ལོག་གི་ལོ་རྒྱུས་དང་རིག་གནས་སྔོག་འདོན་དང་དེར་སྲུང་སྐྱོབ་བྱེད་པ། ཞིབ་འཇུག་དང་བེད་སྤྱོད་བྱེད་པ། མི་རིགས་རིག་གནས་དར་སྤེལ་བྱེད་པ་བཅས་ལ་དོན་སྙིང་ཆེན་པོ་ལྡན་པ་མ་ཟད།   དེ་དང་དུས་མཚུངས་སུ་ས་གནས་ཀྱི་རིག་གནས་འཛུགས་སྐྲུན་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།