logo

《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》ལོ་ངོ་གསུམ་གྱི་རིང་ལ་སྒྱུར་སྒྲིག་བྱས་མཐར་པར་དུ་བསྐྲུན་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2011-07-25 ཀློག་གྲངས།:

  ཉེ་ལམ། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་ཏེ་སྒྱུར་སྒྲིག་བྱས་པའི《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》ཁྲིམས་ལུགས་དཔེ་སྐྲུན་ཁང་གིས་ཆེད་དུ་པར་སྐྲུན་གནང་ཡོད་ལ། དཔེ་ཆ་དེ་སྒོར་ཐོན་མ་ཐག་ཕྱོགས་སོ་སོའི་འབྲེལ་ཡོད་མི་སྣས་དོ་སྣང་བྱས་ཤིང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། 
  བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ་ཁྲིམས་འཛིན་གྱི་བྱ་བ་སྒྲུབ་སྐབས་སུ་ནམ་རྒྱུན་རྒྱ་བོད་སྐད་རིགས་གཉིས་བཀོལ་སྤྱོད་བྱ་དགོས་ལ། རང་རྒྱལ་གྱིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་འགྲོས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་ཚུལ་མཐུན་ཅན་དུ་སྒྱུར་བའི་བྱ་བ་བཅས་མགྱོགས་མྱུར་གོང་འཕེལ་བཏང་བ་དང་བསྟུན་ནས།  ཁྲིམས་ལུགས་ལག་བསྟར་བྱེད་པའི་ཁྲོད་དུ་རྒྱ་བོད་སྐད་རིགས་གཉིས་བཀོལ་སྤྱོད་རྒྱ་ཆེར་བྱས་ཤིང་། ལས་ཀའི་བླང་བྱའང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་ལ།   ལག་ལེན་གྱི་ཁྲོད་དུ་རྒྱ་བོད་སྐད་རིགས་གཉིས་ལག་ཆ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ། དུས་ཡུན་རིང་པོའི་ནང་འདིའི་ཕྱོགས་ཀྱི་དཔེ་ཆ་ཧ་ཅང་དཀོན་པས། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》པར་དུ་བསྐྲུན་པས་སྟོང་ཆ་འདི་བསྐངས་ཡོད་པ་རེད།
  ཁྲིམས་ལུགས་ཡོངས་ཁྱབ་ཏུ་སྤེལ་བའི“དྲུག་ལྔའི” ལོ་དང་པོར། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྒྱུར་སྒྲིག་བྱས་པའི《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》ཡིས་བོད་ལྗོངས་དང་བོད་ཁུལ་གཞན་དག་གི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱ་བ་དང་།   སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ།   ལས་ཁུངས་དང་སྤྱི་དམངས་སོ་སོས་ཁྲིམས་ལུགས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དངོས་ཡོད་དགོས་མཁོ་བསྐངས་ཡོད་པ་རེད།
  གནས་ཚུལ་རྒྱུས་ལོན་བྱུང་པ་ལྟར་ན། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》ཡིས་བསྡོམས་པས་ཐ་སྙད་7662བསྡུ་སྒྲིག་བྱས་ཡོད་ཅིང་རྒྱ་བོད་ཡི་གེ་བསྡོམས་པས་ཡིག་འབྲུ་ཁྲི་288ཡོད་ལ། སྒྱུར་སྒྲིག་གི་ལས་ཀ་རྙོག་འཛིང་ལྡན་ལ་དཀའ་ཁག་ཆེ་བ་དང་སྔ་གཞུག་ཏུ་ལོ་ངོ་གསུམ་འགོར་བ་རེད། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》རུ་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་སྟོབས་ཤུགས་འདུས་ཡོད་ལ། ཆེད་མཁས་པ་དང་ཞིབ་དཔྱོད་དམག་མི་གང་མང་ཞིག་གི་དཀའ་སྡུག་གི་རྔུལ་ཆུའང་འདུས་ཡོད་པ་རེད། 
  དེ་ལས་གཞན་ད་དུང་ཤེས་གསལ་བྱུང་བ་ལྟར་ན། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》སྒྱུར་སྒྲིག་བྱེད་པའི་བྱ་བར། རྒྱ་ཡིག་གི་མིང་ཚིག་བསྡུ་སྒྲིག་བྱེད་པ་དང་། རྒྱ་ཡིག་གི་མིང་ཚིག་ལ་ཆེད་མཁས་པས་ཞིབ་བཤེར་བྱེད་པ། བོད་ཡིག་ཏུ་བསྒྱུར་བ། བོད་ཡིག་གི་མིང་ཚིག་ལ་ཆེད་མཁས་པས་ཞིབ་བཤེར་བྱེད་པ། རྟོག་ཞིབ་བྱེད་པ་དང་བསམ་འཆར་བསྡུ་ལེན་བྱེད་པ་བཅས་རིམ་པ་ལྔ་རུ་བགོས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།