ཐེ་ཝན་སོག་བོད་ཐེབས་རྩ་ཚོགས་པའི་འགོ་གཙོ་སོགས་ནུབ་བྱང་མི་རིགས་སློབ་ཆེན་དུ་བཞུགས་མོལ་མཛད་པ།

ཚོགས་རའི་ཟུར་ཞིག
ཟླ7ཚེས7ཉིན། ཐེ་ཝེན་སོག་བོད་ཐེབས་རྩ་ཚོགས་པ་བོད་དོན་ཁྲུའུ་ཡི་འགོ་གཙོ་ཝང་ཝེ་ཧྥང་སོགས་རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དང་ཨོ་མིན་གཞུང་ལས་ཁང་གི་འགོ་གཙོ་ལན་ཧེ་པིན་དང་ལྷན་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་མཚམས་འདྲི་གཟིགས་ཞིབ་ཏུ་ཕེབས་ཤིང་། སློབ་གྲྭའི་མཁར་གྲོང་སློབ་ཁུལ་གྱི་རིག་གཞུང་ཚོམས་ཁང་ཤར་མ་རུ་སློབ་གྲྭའི་ཀང་ཨོ་གཞུང་སྒྲུབ་ཁང་དང་། སློབ་རའི་ཚགས་པར་གཙོ་སྒྲིག་ཁག བོད་སྐད་ཡིག་རིག་གནས་སློབ་གླིང་། སོག་པོའི་སྐད་ཡིག་རིག་གནས་སློབ་གླིང་། མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་། ཕྱིའི་རྒྱལ་ཁབ་ཡིག་ཚགས་ཞིབ་འཇུག་ཁང་སོགས་སྡེ་ཁག་གི་འགན་ཁུར་བ་དང་ཆེད་མཁས་པ་རྣམས་དང་ཆབས་ཅིག་བསམ་བློ་བརྗེ་རེས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས་པ་རེད།

གཟིགས་ཞིབ་བྱེད་བཞིན་པ།
གྲོས་ཚོགས་མཇུག་རྫོགས་རྗེས། སྐུ་མགྲོན་རྣམས་སློབ་གྲྭའི་གནའ་རྫས་རིག་དངོས་ཁང་དང་དཔེ་མཛོད་ཁང་། གེ་སར་ཞིབ་འཇུག་སློབ་གླིང་། མི་རིགས་ཆ་འཕྲིན་སློབ་གླིང་། ཡོས་ཀྲུང་སློབ་ཁུལ་སོགས་སུ་གཟིགས་ཞིབ་བྱས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་གྱིས་མི་རིགས་རིག་གནས་ཤུལ་བཞག་སོགས་ཀྱི་ཐད་ལ་སྲུང་སྐྱོབ་དང་རྒྱུན་འཛིན། ཞིབ་འཇུག དར་སྤེལ་བྱས་པར་གཟེངས་བསྟོད་གནང་བ་རེད།
རྗེས་ཕྱོགས་མུ་མཐུད་དུ་ཕྱོགས་གཉིས་ཀྱིས་རིག་གཞུང་གླེང་མོལ་བྱ་འགུལ་སྤེལ་ཏེ་ཕན་ཚུན་ལ་སྔར་ལས་ལྷག་པར་རྒྱུས་ལོན་དང་། མཉམ་དུ་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་གཏོང་བར་གཅིག་མཐུན་གྱི་ལྟ་བ་བྱུང་བ་རེད།
