logo

གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་ཟི་ལིང་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།: ཤིན་ཧྭ་གསར་འགྱུར་དྲ་བ།   དུས་ཚོད།:2011-07-04 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་གསོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འབྱུང་བའི་ལས་གཞི་སྟེ། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་ཟླ6པའི་ཚེས25ཉིན་ཟི་ལིང་གྲོང་ཁྱེར་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། བོད་ཁུལ་གྱི་སློབ་མ་རྣམས་ལ་སློབ་གསོ་བཟང་པོ་མྱོང་དུ་འཇུག་པའི་བྱེད་ཐབས་གསར་བ་ཞིག་ཡིན། 
            ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་ཞིང་ཆེན་དུ“གཞི་རྩའི་སྟེང་ལོ་དགུའི་འོས་འགན་སློབ་གསོ་མངོན་འགྱུར་ཡོང་བ་དང་ན་གཞོན་དང་དར་མའི་ཡིག་རྨོངས་སེལ་ཐུབ་པར་བྱ་བའི”དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་བསྟུན་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་ཐོན་ཁུངས་བཟང་པོའི་ཐད་ཀྱི་རེ་འདུན་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་།  སློབ་གྲྭ་བཟང་པོར་སོང་ནས་སློབ་གསོ་ལེགས་པོ་མྱོང་བ་ནི་བོད་ཁུལ་མང་ཚོགས་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དུ་གྱུར་བར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་སོགས་ཀྱི་ལྟེ་གནས་ཡིན་པའི་དགེ་མཚན་བེད་སྤྱད་དེ། ཞིང་ཆེན་ཡོངས་སུ་ཁ་ཕྱོགས་པའི་ཞག་སྡོད་ལམ་ལུགས་ཀྱི་མི་རིགས་སློབ་འབྲིང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད་པ་རེད། 
            མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་ནི་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་མི་རིགས་དམའ་རིམ་སློབ་འབྲིང་དང་། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་མི་རིགས་མཐོ་རིམ་སློབ་འབྲིང་། ཡུལ་ཤུལ་དམའ་རིམ་སློབ་འབྲིང་གཉིས་པ། ཡུལ་ཤུལ་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་བཅས་སློབ་གྲྭ་བཞི་གཅིག་ཏུ་བསྡུས་ནས་གྲུབ་པ་ཡིན་ལ། བསྡོམས་པས་མ་དངུལ་དམངས་སྒོར་དུང་ཕྱུར4.87བཏང་ཡོད་ཅིང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི11.28ཡོད་པ་དང་། སློབ་གྲྭ་བཙུགས་ཚར་རྗེས་ཉེ་དུས་སུ་སློབ་མ་ཕལ་ཆེར7200དང་། མ་འོངས་པར་སློབ་མ9600ལ་སླེབས་ཐུབ་རྒྱུ་རེད། 
            གཙང་གསུམ་ཆུ་འགོའི་ས་ཁུལ་ནི་མཚོ་སྔོན་ཞིང་ཆེན་ལྷོ་ཁུལ་གྱི་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡོངས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་འགའ་ཤས་ལ་ཟེར་ཞིང་།   རྨ་ཆུ་འབྲི་ཆུ་རྫ་ཆུ་གསུམ་གྱི་ཆུ་འགོ་ཡིན་པས་མིང་དེ་ལྟར་དུ་ཐོགས་པ་ཡིན། གནས་འདིའི་ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་སྨི4000ཡིན་ལ། གནམ་གཤིས་གྲང་ཞིང་དབྱང་རླུང་དཀོན་པ་དང་། རང་བྱུང་ཆ་རྐྱེན་ཞན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་རེད། 


འབྲེལ་ཡོད་འོས་སྦྱོར།