ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་སྤེལ།
ལྷག་བསམ་འཁོལ་བའི་ངང་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐལ་བཟང་གི་དུས་འདི་ལ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྤེལ་བའི་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་དེ༢༠༡༡ལོའི་ཟླ༦ཚེས༣༠ཉིན་ལ་བཀྲ་ཤིས་ཀྱི་ལྷ་རྫས་འཐེན་ཞོར། གཡུར་ཟའི་འབྲས་བུ་ཐོག་གྱིན། རྒྱལ་ཁའི་གླུ་དབྱངས་ལེན་བཞིན་དངོས་སུ་མཇུག་བསྡུ་བའི་རྫོགས་ཚིག་བཀོད་པའོ།།

ཡིག་མཁན་རྣམ་པའི་བྲིས་གཟུགས་ལ་སློབ་གྲྭའི་སློབ་མ་ཚོ་མ་བོས་མགྲོན་དུ་ཕེབས།
བྱ་དགའ་ཨང་དང་པོ་ཐོབ་པའི་ཡིག་གཟུགས་ཕྱག་བྲིས།
ཐ་མར་གླིང་སོ་སོ་ནས་ཐོན་པའི་དཔྱད་བསྡུར་བ་ཚོས་བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས་ཏེ། བྲིས་གཟུགས་ཀྱི་རིང་ཐུང་དང་ཞེང་ཚད་སྙོམས་པ་དང་གཅིག མཐོ་དམའ་ཚད་དང་ལྡན་པ་དང་གཉིས། ཡ་ཡོ་དང་ཀྱག་ཀྱོག་མེད་པ་དང་གསུམ། སྐེ་མཆུ་དཔུང་ལག་བསྐོར་སྟངས་མཛེས་ལ་ཚད་དང་ལྡན་པ་བཞི་བཅས་ཀྱི་རྩ་བའི་ཁྱད་ཆོས་གཞིར་བཟུང་སྟེ་ཞིབ་ཚགས་ཀྱིས་གྲོས་ཁ་ཡང་ཡང་བསྡུར་མཐར། དགེ་སློབ་ཟུང་གི་བྲིས་གཟུགས་ཉིས་བརྒྱ་དང་བཅུ་ཡོད་པ་ལས་ཨང་དང་པོ་བདུན་དང་། ཨང་གཉིས་པ་བཅུ་བཞི། ཨང་གསུམ་པ་ཉེར་གཅིག་བཅས་ཁྱོན་བསྡོམས་པས་བྲིས་གཟུགས་ཞེ་གཉིས་བདམས་ཐོན་བྱུང་བ་རེད།
ཡིག་གཟུགས་འགྲན་བསྡུར་དང་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་ཚར་རྗེས། ཚན་ཁག་སོ་སོའི་དགེ་རྒན་རྣམ་པ་དང་གླིང་ཁག་གསུམ་གྱི་སློབ་མ་རྣམས་གོ་རིམ་ལྡན་པའི་སྒོ་ནས་རྩ་འཛུགས་ཀྱིས་ཡིག་ མཁན་རྣམས་ཀྱི་སོར་མོའི་འཕྲུལ་རྩལ་ལས་ཐོན་ཞིང་རང་གི་སུག་བྲིས་ཀྱི་ཁྱད་ཆོས་མངོན་པར་གསལ་པའི་སྒྱུ་རྩལ་ལ་རོལ་མྱོང་བྱེད་དུ་བཅུག རོལ་མྱོང་བྱས་པ་བརྒྱུད་ནས་ཚང་མས་ཅུང་གཟེངས་སུ་མཐོ་བའི་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང༌། བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེང་བཞིན་མཆིས། དེ་ལས་ཀྱང་གལ་ཆེ་བ་ནི་མ་འོངས་པ་ན་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ནོར་བུ་འདི་མུ་མཐུད་དུ་བསྔོག་འདོན་བྱ་བ་ལ་ཤུགས་སྣོན་སྒོས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་པའི་བྱ་གཞག་རླབས་པོ་ཆེ་འདི་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་བྱིས་པའི་དུས་ནས་རྨང་རྡོ་བརྟན་པོ་ཞིག་འདིང་བར་གཙིགས་སུ་འཛིན་དགོས་ཀྱི་རེད་ཅེས་ཀུན་ལ་ཐུན་མོང་གི་བསམ་བྱ་དང་དྭངས་གཙང་དྲི་མ་མེད་པའི་ངེས་ཤེས་ཀྱི་མེ་ཏོག་ཆུན་པོ་ཞིག་རང་གི་སྙིང་དབུས་པད་མའི་དགའ་ཚལ་ནས་ངང་ངམ་ཤུགས་ཀྱིས་སྐྱེས་སུ་བཅུག་པ་རེད།
སླད་མར། འདི་ལྟ་བུའི་བྱེད་སྒོ་སྤེལ་བ་ལ་མཁྱེན་དཔྱོད་མཁའ་ལས་ཡངས་ཤིང་ཐུགས་རྒྱུད་འོ་མཚོ་ལས་འཇམ་པའི་དགེ་རྒན་དང་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་བགོ་ཞིང་ཤེས་རབ་ཀྱི་མེ་ལྕེ་ཀློང་ན་མཆེད་བཞིན་པའི་སློབ་གྲོགས་རྣམ་པས་དགོངས་འཆར་ཅི་མཆིས་ཐམས་ཅད་ལྷུགས་པོར་བརྗོད་རྒྱུ་དང༌། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་དགེ་རྒན་དང་སློབ་གྲོགས་རྣམས་ཟབ་ཞུགས་ཀྱིས་བྱ་བ་འདི་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་རོགས་སྐྱོར་གང་ལེགས་ཤིག་གནང་རྒྱུ་མཁྱེན་མཁྱེན་ཞུའོ།།
