ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་དམངས་གླུ་འགྲན་བསྡུར།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90འཁོར་བར་རྟེན་འབྲེལ་དང་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་སོགས་ཀྱི་ཆེད་དུ2011ལོའི་ཟླ6པའི་ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྩལ་སྦྱང་ར་བར་སྐབས་གཉིས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ་རེད།
ཨང་དང་པོ་ཐོབ་མཁན་གླུ་མ་ཆུང་ཆུང་གཡུ་མཚོ་སྐྱིད།
རེབ་འདིའི་འགྲན་བསྡུར་ལ་རིམ་པ་གཉིས་སུ་བཀར་ནས་ཐོག་མའི་སྐྱ་འགྲན་ལས་སློབ་མ་༢༢རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཐུབ་པ་བྱུང་ཞིང༌། སྐར་འགོད་པ་རྣམ་པས་ཀྱང་དྲང་བདེན། འདྲ་མཉམ། གཟུ་བོའི་སྒོ་ནས་དཔྱད་འཇོག་མཛད།
དབྱར་ཚ་བ་ཇི་འདྲ་ཆེ་ཡང་ལོ་ཆུང་ཉན་མཁན་རྣམ་པའི་དགའ་བསུ་དང་འཛུམ་མདངས་ཡལ་མེད་པ་རེད།
འགྲན་བསྡུར་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་པ་རེ་རེས་ལག་ཏུ་ལྷ་རྫས་ཁ་བཏགས་བཟུང་ཞིང་བོད་ཀྱི་དམངས་གླུ་ལེན་སྐབས་འགྲོ་གོམ་པའི་ལྡེམ་ཕྱོགས་དང་ལུས་གཟུགས་གཞི་འཁོར་ཕྱོགས་སོགས་གཅིག་ལས་གཅིག་ལྷག་གི་དྲུག་འགྱུར་ངག་གི་སྒོ་མོ་ལས་བྱ་ཀ་ལ་པིང་གའི་གསུངས་སྐད་ལ་ཅོ་འདྲི་བའི་གླུ་སྐད་དང་ངག་གི་འགྱུར་ཁུགས་རེ་རེ་ཡིས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་མིག་དབང་ཅིག་ཅར་འཕྲོག་ལ། སྙན་དབང་གི་གསོས་སུ་སྨིན་པས་དགའ་སྤྲོའི་ཐལ་མོ་ལྷང་ལྷང་མཆེདཅིང་གླུ་འགྱོག་གི་གདངས་དབྱངས་དེ་ལས་ཀྱང་སྙན་ཆ་དོད། མ་ཟད་བོད་ཀྱི་དྲི་མ་མ་ཡལ་ཞིང་བོད་ཀྱི་ཁྲག་རྒྱུན་མ་ཆད་པའི་གཞོན་སྐྱེས་རྒྱུན་འཛིན་པ་འཇོན་ཐང་ཅན་ཙོང་ཕྲུག་བཞིན་འཚར་ལོངས་འབྱུང་བཞིན་པས་ངོ་མ་ཡིད་སེམས་མི་དགའ་སུ་ཞིག་ཡོད།
མཛེས་སྡུག་གི་འཕྱོར་གོས་ཀྱིས་གླུ་མ་ཆུང་ཆུང་འདིའི་གླུ་སྐད་ཀྱི་ངོ་སོ་དགུང་སྔོན་གནམ་ལ་གཏད།
ཐེངས་འདིའི་འགྲན་བསྡུར་ལས་2011ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ལ་ཞུགས་པའི་ལོ་རིམ་བདུན་པའི་གླུ་མ་ཆུང་ཆུང་གཡུ་མཚོ་སྐྱིད་ཀྱིས་ཡང་བསྐྱར་ཨང་དང་པོའི་བྱ་དགའི་རྟགས་མ་བླངས་ཤིང༌། ལོ་རིམ་བཞི་བའི་སློབ་མ་ཆོས་སྒྲོན་འཚོས་ཨང་གཉིས་པའི་བྱ་དགའ་བླངས་པར་ ཡོད་ཚད་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཞིང་སློབ་མ་འདི་གཉིས་དམིགས་སུ་བསལ་ནས་སྐྱེད་སྲིང་བྱས་ཚེ་མ་འོངས་པའི་གར་སྟེགས་ནམ་ཡང་ཆེས་ཆེར་ཕྱེ་བར་གདོན་མི་ཟ་ལ། གཞན་ད་དུང་དགའ་རྟགས་ཐོབ་པའི་སློབ་མ་གཞན་དག་དང་དེ་ལ་དེ་བསྟུན་སྒོས་སྐུལ་མ་ཡང་ཡང་བཏང་ནས་རྗེས་ཕྱོགས་འདི་འདྲའི་བོད་ཀྱི་རིག་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་འགུལ་ལ་ངེས་པར་མུ་མཐུད་དུ་ཟབ་ཞུགས་བྱེད་དགོས་པའི་ཁ་ཏ་སློབ་གསོ་གནངས།
འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་གླུ་བ་གླུ་མ་ཡོངས་ཀྱི་དྲན་རྟེན་མཉམ་པར།
འགྲན་བསྡུར་འདི་བརྒྱུད་ནས་སློབ་མ་ཇི་སྙེད་ཅིག་གིས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དམངས་གླུ་འདི་ལ་དགའ་ཞེན་ཇེ་ཆེ་དང་སྤྲོ་བ་ཇེ་འཛོམས་སུ་གྱུར་བས་རེབ་འདིའི་བྱ་འགུལ་གྱིས་ནུས་པ་འགངས་ཆེན་ཐོན་ཞིང་བྱ་འགུལ་གྱི་དམིགས་ཡུལ་ཡང་བདེ་ལེགས་ངང་འགྲུབ་སོང༌།