སྐབས་དང་པོའི་ཨ་མདོ་དབུས་གཙང་སྐད་གསོ་སྦྱོང་འཛིན་གྲྭས་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་བ།
ཉེ་སྔོན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཨ་མདོ་དབུས་གཙང་སྐད་གསོ་སྦྱོང་འཛིན་གྲྭས་རྩ་འཛུགས་གནང་བའི་སྙན་ངག་གྱེར་འདོན་འགྲན་བསྡུར་དེ་ཤར་སློབ་རིག་གཞུང་སྙན་ཞུ་ཐིན་ནས་སྤེལ་ཞིང་། བོད་རིག་པ་གླིང་གི་འགོ་གཙོ་ཟླ་བ་དང་། རྒན་འབྲུག་མོ་སྐྱིད། ཀུན་དགའ། ལྷ་ལུང་ཚེ་རིང་། རིག་འཛིན་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད།
སྙན་ངག་གྱེར་འདོན་འདི་ཨ་མདོའི་སྐད་དང་དབུས་གཙང་སྐད་དམིགས་སུ་བཟུང་ནས། རྩོམ་ལུས་སྙན་ངག་དང་ལྷུག་རྩོམ་གྱིས་གྱེར་འདོན་བྱས་ཤིང་། སློབ་གླིང་སོ་སོའི་གསོ་སྦྱོང་འཛིན་གྲྭ་ནས་ཡོང་བའི་སློབ་མ13གྱེར་འདོན་ལ་ཞུགས་ལ། ཁོ་ཚོས་གར་སྟེགས་སུ་ཉམས་འགྱུར་གྱིས་ཕྱུག་ཅིང་བརྩེ་སེམས་དོད་པོའི་སྙན་ངག་གྱེར་འདོན་བྱས་པ་དང་། སྙན་ཞིང་འཇེབས་པའི་སྒྲ་དབྱངས་དང་འགྲན་ཞུགས་པའི་སྤྲོ་སེམས་རྒྱས་པའི་གྱེར་འདོན་གྱིས་ཡུལ་དངོས་གཟིགས་མོ་བ་ལྷན་རྒྱས་ཀྱི་ཡིད་དབང་ཀུན་ནས་འཕྲོག་སྟེ་སྣང་བ་སྐྱིད་པའི་ཡུལ་གྲུ་གཞན་ཞིག་ལ་སྐྱེལ་བ་དང་འདྲ་བའི་འཕྲུལ་སྣང་སྦྱིན་པ་རེད། འདིས་བོད་རིགས་སློབ་མ་རྣམས་ཀྱི་བབ་ཆགས་གཞུང་བཟང་གི་གཤིས་རྒྱུད་དང་དེང་རབས་སློབ་ཆེན་པར་ལྡན་འོས་པའི་སྤོབས་སེམས་མངོན་པར་མཚོན་ཡོད།
ཐེངས་འདིའི་གྱེར་འདོན་བྱ་འགུལ་ནི་མི་རིགས་ཤིག་གི་ཡུལ་སྐད་མི་འདྲ་བའི་བར་གྱི་འབྲེལ་འདྲིས་དང་གཏིང་ཟབ་པའི་གོ་རྟོགས་ཉམས་ལེན་ཐེངས་ཤིག་ཡིན་ལ། དེང་རབས་སློབ་མའི་མདུན་སྐྱོད་ཀྱི་གོམ་སྒྲ་དྲག་ཅིང་། ཕུགས་བསམ་ལ་དུང་བའི་ནུས་སྟོབས་རྒྱས་པ་མངོན་པར་དོད་པ་མ་ཟད། བོད་མི་རིགས་ཀྱི་རྒྱུ་མང་རིག་གནས་ཁྱད་ཆོས་ཤུགས་དྲག་སྒོས་མཚོན་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྦྱོང་ཁ་དབུགས་མཐོ་རུ་ཕྱིན་ལ། བོད་ལྗོངས་དང་མཚོ་སྔོན། ཡུན་ནན། སི་ཁྲོན། ཀན་སུའུ་སོགས་ནས་ཡོང་བའི་སློབ་མའི་བར་གྱི་རིག་གནས་ཀྱི་འབྲེལ་འདྲིས་ཀྱང་ཇེ་ཟབ་བཏང་བ་རེད།
མཇུག་མཐར། འགྲན་ཞུགས་པའི་ཁྲོད་དུ་སློབ་མ6ལ་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཐོབ་ཅིང་། རྒན་འབྲུག་མོ་སྐྱིད་དང་རྒན་ཀུན་དགའ་གཉིས་ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་བསྡུར་བྱ་འགུལ་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་གདེང་འཇོག་བྱས་པ་རེད།