logo

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་དྲུག་གཅིག་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-06 ཀློག་གྲངས།:


འགྲན་ཚོགས་དངོས་སུ་མགོ་བརྩམས་པ།

             དབྱར་ཟླ་དྲུག་པའི་ཉི་གཞོན་གྱི་ཟེར་མ་སྒེག་མོས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ངང་གིས་བསུས་བྱུང༌། དགེ་སློབ་ཡོངས་ཀྱི་སྤྲོ་བ་དང་རེ་སྙེག་ཁྲོད་ནས་སྐབས་གཉིས་པའི་ལུས་རྩལ་འགྲན་ཚོགས་ཡུན་གྱིས་སླེབས་བྱུང༌།


དམངས་སྲོལ་རྩེད་མོ་འཁྲབ་པ།

             2011ལོའི་ཟླ5བའི་ཚེས28ནས30བར་ཏེ་ཉིན་གསུམ་གྱི་དུས་ཚོད་བེད་སྤྱད་ནས་རེབ་ཐེངས་དྲུག་ཅུ་རེ་གཉིས་པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་དང་བདེ་ལེགས་ངང་བསྡུས། 


འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས།

             ཉིན་འདི་དག་ལ་ཁྲི་ཀ་རྫོང་གི་མགོ་ཁྲིད་དང་ཕྱོགས་ཡོངས་ཀྱི་མགྲོན་པོ་རྣམས་འཚང་ཁ་ཤིག་ཤིག་ངང་སློབ་གྲྭར་འདུས་ནས་རང་གི་བུ་བུ་མོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་།  མིག་དབང་འཕྲོག་ཅིང་ཡི་གར་འོང་ལ་མི་རིགས་ཀྱི་ཁྱད་ཆོས་དོད་པའི་ལྟད་མོ་དང་ཕུལ་དུ་བྱུང་བའི་ལུས་རྩལ་པ་རྣམས་ཀྱི་འཇོན་ཐང་ལ་དགའ་བསུའི་ཐལ་མོ་རྡེབ་ནས་འགྲན་ཞུགས་སློབ་མ་རྣམ་པར་སྙིང་རུས་བརྡབས་པ་དང་སྐུལ་སློང་ཡང་ཡང་གནང་།


མཆོངས་ལྡིང་འགྲན་སྡུར་ཁྲོད་སྟོབས་ཤུགས་ཡོད་དགུ་འདོན་བཞིན་པ།


ཚོགས་རའི་ཁོར་ཡུག་ཁྱོན།

             སློབ་གྲོགས་ཚོས་ཉིན་མཚན་དུས་དྲུག་གི་སློབ་སྦྱོང་འཚོ་བའི་བྲེལ་ཟིང་ཁྲོད་ནས་ངོམ་ཆོག་ཆོག་གི་རྒྱལ་ཁའི་འབྲས་བཟང་བླངས་ཡོད་ཅིང༌། སློབ་གྲོགས་ཚོས་ཉི་མ་སུམ་བརྒྱ་དྲུག་ཅུའི་བསྐྱར་ཟློས་ཀྱི་དཀའ་སྡུག་གི་ཁུགས་སོ་རེ་ནས་བཤམས་ཆོག་ཆོག་གི་གྲུབ་འབྲས་ཀྱི་ལོ་ལེགས་བསྡུས་ཡོད།


རྒྱལ་ཁ་ནི་སྐད་ཅིག་མའི་བར་སྟོང་ནས་རྙེད་ཐུབ།


དགེ་རྒན་ལུས་རྩལ་པ།

             དུས་དེ་རིང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཙུགས་ནས་ལོ་འཁོར་གཉིས་འགོར་ལ་ཉེ་བའི་དཀྱོགས་མཚམས་འདིར་ང་ཚོས་ཕྱིར་དྲན་གྱི་རས་ཡོལ་དར་ཅིག་ཕྱེ་དུས།  བདེ་འཇགས་དང་ཚུལ་ལྡན། དཔལ་ཡོན་རིག་གནས་ཀྱི་མཁའ་དབུགས་མངོན་པར་དོད་པའི་རིག་པའི་སྐྱེད་ཚལ་འདི་རུ་དགེ་སློབ་ཟུང་གི་བློ་གྲོས་ལས་བཞེངས་པའི་འབུར་ཐོན་གྱི་འབྲས་བུ་རེ་རེ་ང་ཚོའི་མིག་མདུན་དུ་བསྟར་ཡོད་ཅིང༌། དག་གཙང་དང་འཆམ་མཐུན། ཧུར་བརྩོན་གྱི་རིག་སྟོབས་ལས་དྲངས་པའི་རྒྱལ་ཁ་རེ་རེ་སེམས་ཁོང་ན་གསལ་གྱི་ལེར་མངའ། རྗེས་ཕྱོགས་ཀྱི་ལོ་ཟླའི་འཁོར་འགྲོས་ཁྲོད་དུ་ད་དུང་དགེ་སློབ་ཟུང་གིས་བློ་རྩ་བརྟན་པོས་ཡར་རྒྱས་ལ་བརྩོན་ལེན་དང་གསར་གཏོད་མདུན་སྐྱོད་ཀྱི་གོམ་འགྲོས་ལ་ངར་ཤུགས་རྒྱག་ཞོར་མུ་མཐུད་དུ་གསར་སྒྱུར་འཛུགས་སྐྲུན་དང་འཆམ་མཐུན་དཔལ་ཡོན་ལྡན་པའི་སྔོན་ཐོན་ཅན་གྱི་སློབ་ར་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད།


ལྒང་རྒྱག་རུ་མི་ལ་བྱ་དགའི་རྟགས་མ་གནང་བ།

             དེ་བས་དེ་རིང་བཀྲ་ཤིས་ཉིས་འཛོམས་ཀྱི་ཉིན་མོ་འདི་སེམས་ལ་བཅངས་ནས་ནམ་ཡང་སྤྲོ་སྐྱིད་དང་མཛའ་གཅུགས་ཀློང་ནས་འདི་ལྟར་མདུན་དུ་སྐྱོད། ནམ་ཡང་འཛུམ་མདངས་དང་མཐུན་སྒྲིལ་གྱི་ལག་རྡང་ཁྲོད་ནས་འདི་ལྟར་སྔོན་ལ་བསྐྱོད།


བྱིས་པའི་དུས་ཆེན་ལ་དགའ་སྤྲོའི་གར་ལ་རོལ་བ།


མཇུག་མཐའི་གྲུབ་འབྲས་ཀྱི་རྒྱལ་ཁའི་བ་དན།

             གཅིག་འཇགས་གཉིས་ལངས་ཀྱི་ངོ་མཚར་མཛེས་སྡུག་གི་ལྟད་མོ་རེ་རེ་ཡིས་དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཤིང༌། སྐབས་གཉིས་པའི་སློབ་རའི་ལུས་རྩལ་འགྲན་ཚོགས་ལ་བཀྲ་ཤིས་པའི་སྔོན་བསུའི་ཁ་གཡང་སྒྲོག་སོང༌། ཕྱོགས་བཞིའི་སྐུ་མགྲོན་རྣམ་པའི་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་དང་རང་བྱུང་འཛུམ་གྱི་ཡོ་ལང་ཁྲོད་ནས་དུས་དེ་རིང་གི་རིག་རྩལ་འཁྲབ་སྟོན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་མ་ཟད། དྲུག་གཅིག་དུས་ཆེན་ཞེས་པའི་ཉིན་མོ་འདི་དང་ལུས་རྩལ་འགྲན་ཚོགས་ཟེར་བའི་བྱ་འགུལ་ཆེན་མོ་འདི་གཉིས་ཀྱིས་ལྟད་མོ་བ་རེ་རེར་བསུབ་མི་ཐུབ་པའི་བག་ཆགས་ཟབ་མོ་བཞག་ཅིང༌། འབྲལ་མི་ཐུབ་པའི་བརྩེ་བའི་མིག་ཆུ་སེམས་ལ་བསྐྱིལ་པ་རེད།


འབྲེལ་ཡོད་འོས་སྦྱོར།