logo

དགེ་རྒན་སྟོན་པས་ཚད་མའི་བསླབ་གཞི་སྨྱན་མང་གཟུགས་སུ་སྤྱད་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-04 ཀློག་གྲངས།:

           ཉེ་ལམ།  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་མགོ་ཁྲིད་ཀྱི་ཡང་དག་པའི་སྣེ་སྟོན་དང་བཀོད་སྒྲིག་གི་འོག    གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སྟོན་པ་ལགས་ཀྱིས་ལོ་འདི་འགའི་རིང་དཀའ་སྤྱད་འབད་བརྩོན་གྱིས་དེང་རབས་སྨྱན་མང་གཟུགས་ཀྱི་ལམ་ནས་ཚད་མའི་སློབ་ཁྲིད་ཟིན་བྲིས་བསྒྲུབས་དང་སྒྲུབ་བཞིན་པའི་ཤེས་བྱའི་མ་ལག་ཡོངས་སློབ་གྲྭའི་སྐས་རིམ་ཐོག་ཁང་ནང་ཆ་ཚང་ཞིང་གོ་རིམ་ཡོད་པའི་སྒོ་ནས་གསལ་བཤད་དང་སྦྲགས་ཏེ་གཟིགས་སྟོན་མཛད་ཅིང་། ཚད་མ་རིག་པའི་སྨྱན་གཟུགས་སློབ་ཁྲིད་ཟིན་བྲིས་བཟོས་པར་ཚད་མཐོན་པོའི་དེང་རབས་གློག་ཀླད་ཀྱི་ཐབས་ལམ་སྣ་ཚོགས་པ་བཀོལ་ཡོད་པར་མ་ཟད། སློབ་ཐུན་རེ་རེའི་སྨྱན་གཟུགས་ཀྱི་བར་དུ་བོད་ཀྱི་དམངས་སྲོལ་རིག་གནས་མངོན་པར་དོད་པའི་མཛེས་སྡུག་གི་རི་མོ་མང་པོ་དང་སྙན་ཞིང་ཡིད་དབང་འགུག་པའི་དམངས་གླུ  རྡུང་ལེན། ཨ་རྩེད། འཇམ་སྙན་རོལ་དབྱངས་སོགས་གང་ལ་གང་འཚམ་གྱི་བཀོད་སྒྲིག་བཟང་བོ་བྱས་ཡོད་པར་རྣམ་པ་ཀུན་ཏུ་ཡོན་ཏན་དང་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་ཡོད་པ་རེད།  
            གཟིགས་སྟོན་ཡོངས་སུ་མཇུག་སྒྲིལ་རྗེས་སློབ་གྲྭའི་བོད་ཡིག་དགེ་རྒན30ལྷག་གིས་དགའ་བསུ་དང་གདེངས་འཇོག་ཚད་མཐོན་པོར་གནང་བ་མ་ཟད། རང་རང་གི་སེམས་གཏིང་གི་འདོད་ཚུལ་ཕན་ཚུན་ལ་ལྷུག་བརྗོད་བྱས་ནས་སློབ་གསོ་སྒྲུབ་སྟངས་ཐད་ཀྱི་དམིགས་ཡུལ་གཅིག་ལ་ཕྱོགས་ཤིང་། ད་དུང་ཁོང་གིས་རང་གི་ཀློག་ཀླད་སྟེང་ཡོད་པའི་འབྲེལ་ཡོད་བོད་རིག་པའི་སྐོར་གྱི་ཤེས་བྱ་ཇི་སྙེད་ཅིག་ཀུན་ལ་ཕན་པ་ཨེན་ཙམ་ཐོབ་པའི་ཀུན་སློང་རྣམ་དག་སྒོས་དགེ་རྒན་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་གནང༌བ་རེད།
            ཁོང་གིས་དེང་རབས་བོད་ཀྱི་སློབ་གསོའི་ལས་དོན་ཐད་ལ་སྔར་མེད་ཀྱི་གསར་གཏོད་ཀྱི་སྒོ་གླེགས་ཡངས་པོ་ཞིག་ཧར་གྱིས་ཕྱེས་ལ། ཉིན་མཚན་དུ་མ་ཞིག་ལ་གཉིད་བཅག་ཟས་བརྗེད་དང་དཀའ་བ་འབུམ་བསྐྱེད་ཀྱི་བརྒྱུད་རིམ་མང་པོ་ཞིག་གི་ཁྲོད་དུ་འདི་ལྟ་བུའི་མངོན་རིན་ཡོད་པའི་ཁྱད་འཕགས་ཀྱི་འབྲས་བུ་ངོ་མཚར་གྲུབ་པ་ར་སྤྲོད་བྱས།  སློབ་གསོའི་ལས་རིགས་གཉེར་མཁན་རྣམ་པས་ཀྱང་དགེ་རྒན་བསྟན་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་བརྩོན་འགྲུས་ཀྱི་ངར་ཤུགས་ལ་བསྔགས་བརྗོད་ཀྱི་མཐེབ་ཆེན་བསྒྲེང་དགོས་ཤིང་། ཁོས་མི་རིགས་སློབ་གསོའི་ལས་དོན་ལ་བློས་བཏང་བའི་རྟག་བརྟན་གྱི་བྱས་རྗེས་ལའང་ཚང་མས་ཡི་རང་བྱེད་འོས།  
            ཐེངས་འདིའི་ཚད་མ་རིག་པའི་སྨྱན་གཟུགས་སློབ་ཁྲིད་ཟིན་བྲིས་གཟིགས་སྟོན་བྱས་པ་འདི་ལས་སློབ་གྲྭའི་དགེ་རྒན་ཚོར་སྔ་ན་མེད་པའི་གསལ་འདེབས་ཤིག་བྱས་བྱུང་བ་ནི།  མི་ཚེ་དོན་ཡོད་ཅིག་བྱ་ན།  གཞན་ཕན་ལྷག་སེམས་ཤིག་སྐྱེད་དགོས།   སྔར་མེད་གསར་གཏོད་ཅིག་འཁྱོངས་དགོས།  ཞེས་པ་དེ་ཡིན་པས་ཤིན་ཏུ་དོན་སྙིང་ལྡན་པ་ཞིག་ཏུ་གྲུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།