རྒན་བདུད་ལྷ་རྒྱལ་ལགས་ཀྱིས་མཚོ་ལྷོ་ནས་རྩོམ་རིག་སྐོར་གྱི་འཆད་ཁྲིད་བྱས་པ།
འཆད་ཁྲིད་བྱེད་པའི་ཚུལ།
སྤྱི་ལོ2011ལོའི་ཟླ5བའི་ཚེས་21ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་རྒན་བདུད་ལྷ་རྒྱལ་གདན་འདྲེན་ཞུས་ནས་དགེ་རྒན་དང་སློབ་མ་རྣམས་ལ་རྩོམ་རིག་གསར་བའི་སྐོར་གྱི་འཆད་ཁྲིད་བྱས་ཤིང༌། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་བོད་ཡིག་དགེ་རྒན་ཉི་ཤུ་ལྷག་བཤད་ཁྲིད་ཀྱི་ཚོགས་གཏམ་སྟེང་ཞུགས། འདི་ནི་མཚོ་ལྷོ་ཁུལ་མི་རིགས་སློབ་གྲྭ་བཙུགས་ནས་ད་བར་ཏུ་དེང་རབས་རྩོམ་རིག་སྐོར་གྱི་བཤད་ཁྲིད་བྱས་པ་ཐོག་དང་པོ་ཡིན་ཞིང༌། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་སློབ་གྲྭ་ཆེན་མོའི་དགེ་རྒན་གདན་འདྲེན་ཞུས་ཏེ་བོད་ཀྱི་མཐོ་འབྲིང་གི་དགེ་རྒན་རྣམས་ལ་རྩོམ་རིག་གི་འཆད་ཁྲིད་བྱས་པ་ཡང་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོའི་ལོ་རྒྱུས་སྟེང་གི་འགངས་ཆེ་བའི་འཆད་ཁྲིད་ཐེངས་ཤིག་ཡིན་པའང་སྨྲས་མེད་རེད།
སློབ་མ་རྣམས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།
རྒན་བདུད་ལྷ་རྒྱལ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་དཔྱད་བརྗོད་པ་ཞིག་ཡིན་ཞིང༌། ཁོང་གིས་རྩོམ་རིག་དཔྱད་བརྗོད་བྱས་པའི་སྙན་ངག་དང་བརྩམས་སྒྲུང་རྣམས་ལ་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་ལ། ཐེངས་འདིའི་འཆད་ཁྲིད་ཀྱང་བརྗོད་བྱའི་ཚགས་དམ་པ་དང་གཞུང་ལུགས་ཀྱི་རྒྱབ་རྩ་དང་སྦྱར་ཏེ་འཆད་ཁྲིད་བྱས་པས། དོན་སྙིང་ཆེན་པོར་ལྡན་ཞིང་དགེ་སློབ་རྣམས་ལ་བློ་བསྐྱེད་དང་དཔེ་ཆ་ཀློག་འདོད་ཀྱི་འདུན་པ་སྟེར་པར་མ་ཟད་བག་ལ་ཉལ་ཡོད་པའི་བསམ་པའི་ན་ཟུག་དེ་ཡང་གཡོ་བསླངས་བཟོས་ཡོད་པ་རེད།
དགེ་རྒན་རྣམ་པའི་བཤད་ཁྲིད་ལ་ཉན་ཚུལ།
ཞར་བཀོད།
དེང་རབས་རྩོམ་རིག་གི་ངོས་ནས་བརྩམས་ཆོས་བྱེ་བྲག་རེ་གཉིས་ཤིག་དང་སྦྱར་ཏེ་བརྩམས་སྒྲུང་ལ་ཇི་ལྟར་རོལ་མྱོང་བྱེད་དགོས་ཚུལ་དང༌། ཇི་ལྟར་དབྱེ་ཞིབ་བྱེད་དགོས་པ། ཇི་ལྟར་དཔྱད་བརྗོད་སྤེལ་དགོས་པ་ཚུལ་སོགས་རྩོམ་པ་པོ་ལྷུན་གྲུབ་ལགས་ཀྱིས་བརྩམས་པའི་རྟ་ནག་སྒྲོག་འགྲོས་དང་སྦྱར་ཏེ་བོད་ཀྱི་བརྩམས་སྒྲུང་གི་མི་སྣ་དབྱེ་ཞིབ་དང་བཅས་གླེང་གཞི་དངོས་ལ་འཇུག་པ།
སྤྱིར་བཏང་བོད་ལ་རྩོམ་རིག་གསར་བ་འདི་དར་འཕྱི་བ་དང་ནང་སྒོས་སུ་འདིའི་ཕྱོགས་སུ་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་མེད་པ། སྣེ་དེ་སྒོ་ནས་ཁོ་རང་ལ་མཚོན་ན་རྩོམ་རིག་གསར་བ་སྐོར་ནས་སྐད་ཆ་རེ་གཉིས་བཤད་ན་ཧ་ཅང་དཀའ་ཚོད་དུ་ཡོད་ཅིང༌། ལོ་ངོ་བཅུ་ལྷག་གི་རིང་རྩོམ་རིག་གསར་བར་འབྲེལ་འདྲིས་དང་དེའི་སྟེང་དུ་རང་གི་མྱོང་བ་ཙམ་པོ་གཞིར་བཅོས་ཏེ་དགེ་རྒན་རྣམས་དང་བགྲོ་གླེང་བྱེད་འདོད་པ་དེ་ཡིན། བོད་ཀྱི་བརྩམས་སྒྲུང་ལ་མཚོན་ན་ནང་དོན་སོགས་ཀྱི་ཆ་ནས་བཤད་ན་འགྲིག་ཡོད་པར་འདུག གཅིག བརྩམས་སྒྲུང་སྤྱིའི་གོ་དོན་བཤད་དེ་བརྩམས་སྒྲུང་ལ་གོ་དོན་ཞིག་ཆགས་དགོས་རབ། གཉིས། རྟ་ནག་སྒྲོག་འགྲོས་དང་འབྲེལ་ཏེ་སློབ་ཁྲིད་བྱེད་སྟངས་དང་བཅས་ཉམས་མྱོང་བརྗེ་རེས་བྱེད་པ།
བོད་ཀྱི་བརྩམས་སྒྲུང་ཞེས་པའི་རྩོམ་ལུས་འདི་བོད་ལ་དར་འཕྱི་བའི་སྟབས་ཀྱིས་བརྩམས་སྒྲུང་ལའང་མིང་གཅིག་གྱུར་ཞིག་ཆགས་མེད་ཅིང་མཚོ་སྔོན་གྱི་སྦྲང་ཆར་ཚང་གིས་མིང་ལ་སྒྲུང་གཏམ་ཞེས་བཏགས་ཡོད་ཅིང༌། ལྷ་ས་བ་རྣམས་ཀྱིས་བརྩམས་སྒྲུང་ཞེས་མིང་བཏགས་ཡོད་པར་མ་ཟད་ཡང་ཁ་ཤས་ཤིག་གིས་སྒྲུང་རྩོམ་ཞེས་མིང་བཏགས་འདུག རྒྱུ་མཚན་དེའི་དབང་གིས་བོད་ཀྱི་བརྩམས་སྒྲུང་ལ་མཚོན་ན་མིང་ཡང་གཅིག་གྱུར་ཞིག་ཆགས་མེད་རབ་དང་གཞུང་ལུགས་རྩོམ་པ་བོ་རྣམས་ཀྱིས་རང་གི་འདོད་ཚུལ་ཙམ་ལ་རྐྱེན་བྱས་ཏེ་མིང་འཇོག་པ་མ་གཏོགས་ཐུན་མོང་གི་བཀོད་དུ་ཆོག་པ་ཞིག་མིག་སྔར་ད་དུང་བྱུང་མེད་པ་རེད།
བརྩམས་སྒྲུང་ནི་འཕེལ་རྒྱས་ཅན་ཞིག་ཡིན་ཞིང་འགྱུར་ལྡོག་རང་བཞིན་ཅན་ཞིག་ཡིན་པའི་སྟབས་ཀྱིས་དུས་ཚོད་ངེས་ཅན་ཞིག་གི་སྟེང་འགྱུར་སོང་བའི་རྐྱེན་གྱིས་སྔ་མའི་བརྩམས་སྒྲུང་གི་གོ་བ་དེར་ཕྱི་མ་དང་བསྡུར་སྐབས་གོ་བ་རྙོག་དྲ་ཅན་ཞིག་ཏུ་བཟོས་འདུག བརྩམས་སྒྲུང་གི་གོ་དོན་རིག་པའི་རྗེས་དཔག་དང༌། མི་སྣའི་ཁ་བརྡ་གཉིས་ཀྱི་སྟེང་ནས་གོ་བ་བླངས་ན་འགྲིག་ཚུལ་དང༌། བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་དང་བརྩམས་གསར་བ་གཉིས་ཀྱི་ཧེ་བག་དང་གོ་དོན་འཇོག་ཚུལ། ནང་དོན་དང་རིག་གནས་རྒྱབ་ལྗོངས། སྐབས་དེ་དག་གི་སྤྱི་ཚོགས་འཚོ་བའི་གནས་སྟངས་སོགས་ལ་དབྱེ་ཞིབ་དང་གསལ་ཁ་གསལ་པོར་བཏོན། མཇུག་མཐར་རྒན་ལགས་ཀྱིས་རྩོམ་པ་པོ་ལྷུན་གྲུབ་ཀྱིས་བརྩམས་པའི་རྟ་ནག་སྒྲོག་འགྲོས་ཁོ་རང་གི་སློབ་ཁྲིད་ཇི་ལྟར་བྱེད་པའི་གོ་རིམ་དགེ་རྒན་རྣམས་ལ་ངོ་སྤྲད་དང་དགེ་རྒན་རྣམས་ཀྱིས་དཔེ་ཀློག་བྱེད་པར་གོམས་དགོས་ཚུལ་སོགས་དཔེ་ཆ་སྐོར་ཞིག་དགེ་རྒན་རྣམས་ལ་ངོ་སྤྲད་བྱས་པ།