མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ལས་བྱེད་པར་བོད་སྐད་སློབ་དུ་བཅུག་པ།
2010ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་ཁ་ཤས་ཀྱིས་བོད་སྐད་མི་ཤེས་པ་དང་། བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་བྱ་བ་སྒྲུབ་ཐབས་མེད་པའི་གནད་དོན་གཙོ་བོ་དེ་ལ་དམིགས་པ་དང་། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་བོད་ཁུལ་དུ་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པར་ཁག་ཐེག་དང་། ཏང་གི་བོད་ཁུལ་གྱི་སྲིད་འཛིན་གོ་གནས་ཇེ་བརྟན་དང་ཇེ་མཐོར་གཏོང་བ། བོད་ཁུལ་གྱི་སྤྱི་ཚོགས་སྲུང་སྐྱོང་བྱེད་པ་གཞིར་བཟུང་སྟེ། བོད་ཁུལ་གཞི་རིམ་གྱི་ལས་བྱེད་པར་བོད་སྐད་སློབ་དུ་བཅུག་པས། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བས་དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཕྱོགས་ནས་ཉམས་མྱོང་བཟང་བོ་བསགས་པ་དང་། ཕན་འབྲས་བཟང་བོ་ཐོབ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་པས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པར་བོད་སྐད་སློབ་དུ་འཇུག་པའི་བྱ་བ་གཙིགས་ཆེན་བཟུང་ནས། ཐེངས་མང་པོར་མཆན་འགོད་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བོད་སྐད་སློབ་དུ་འཇུག་པ་དེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གྲུབ་ཆ་གཙོ་བོ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་སྤྱིའི་འཆར་འགོད་གྲོས་སུ་བཀོད་དེ། བཀོད་སྒྲིག་ཞིབ་ཚགས་དང་སེམས་ཞིབ་མོས་རྩ་འཛུགས་བྱས་པ་ལས་གཞན། ད་དུང་ཆེད་སྤྱོད་འགྲོ་གྲོན་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་བཏང་བས། བོད་སྐད་གསོ་སྦྱོང་བྱ་བ་བཟང་བོར་སྤེལ་བར་འགན་སྲུང་བྱས།