དབྱར་ཟླ་ལྔ་བའི་ལང་ཚོ་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཁྲི་ཀའི་རིག་གནས་ཐང་ཆེན་ནས་བསྡུས་པ།
དབྱར་ཟླ་ལྔ་བའི་འགྱུར་ཁུགས་ཞེས་པའི་བོད་རིགས་ཀྱི་ཞབས་བྲོས་རིག་རྩལ་གྱི་སྒོ་མོ་ཕྱེ་བ།
དབྱར་ཟླ་ལྔ་བར་ཁུ་བྱུག་གི་གསུང་དབྱངས་སྙན་མོ་མཐའ་ཡས་འཛིན་མའི་ཁྱོན་ལ་ལྷང་ལྷང་མཆེད་པའི་དུས་ཚིགས་འདིར། སྣ་ཚོགས་དཀར་དམར་མེ་ཏོག་གི་དྲི་བསུང་གིས་ཡོད་ཚད་ལ་སྔོ་ལྗང་གི་འཇིག་རྟེན་གསར་བའི་དཔལ་ཡོན་བསྐྲུན་པའི་བར་གླགས་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ5བའི་ཚེས་མགོར། དབྱར་ཟླ་ལྔ་བའི་ལང་ཚོ་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཁྲི་ཀ་རྫོང་གི་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་རེད།
བྲོ་ར་ཕྲ་མོ་ཞེས་པའི་ཞབས་བྲོ་འདིས་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག
གཞི་ཁྱོན་ཆེ་ཞིང་ཁོར་ཡུག་མཛེས་པའི་རིག་གནས་ཐང་ཆེན་དུ་སྔ་དྲོའི་དུས་ཚོད10ནས་བཟུང་ཁྲི་ཀ་རྫོང་གི་མང་ཚོགས་རྣམས་རྒན་སྐྱོར་བྱིས་ཁྲིད་དང་ན་གཞོན་ཕོ་མོ་ཚང་མས་གོམ་ཁའི་འདེགས་འཇོག་གནས་དེར་བསྒྱུར་ཏེ་ལྟད་མོར་ལྟ་བར་གྲ་སྒྲིག་བྱས་ནས་འདུག ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་དུ་དབྱར་ཟླ་ལྔ་བའི་འགྱུར་ཁུགས་ཞེས་པའི་ཡིད་འཕྲོག་གི་བྲོ་གར་དེས་རེབ་འདིའི་རིག་རྩལ་སྤྲོ་ཚོགས་ཀྱི་སྒོ་མོ་ཕྱེས་པ་རེད།
རང་བྱུང་གི་འཛུམ་མདངས་དང་ལྷན་དུ་རྒྱ་གར་གྱི་ཞབས་བྲོའི་ཆ་བྱད་མངོན་པར་དོད།
རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་དང་ལྔ་བཞིའི་ན་གཞོན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་དུ། མཚོ་སྔོན་ཁྲི་ཀ་རྫོང་གི་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་རྩ་འཛུགས་འོག་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རོགས་སྒྲུབ་འོག་ནས་ཐེངས་དང་པོར་སློབ་གྲྭས་ཕྱི་ཕྱོགས་ནས་ཁྲི་ཀའི་ལས་བྱེད་མི་སྣ་ཡོངས་དང་ལས་བཟོ་བ་མི་སྣ་ཡོངས། རིམ་པ་སོ་སོའི་ངལ་རྩོལ་བ་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཁམས་བདེའི་འཚམས་འདྲི་དང་དུས་ཆེན་ལ་རྟེན་འབྲེལ་གྱི་ཚབ་ཏུ་དབྱར་ཟླ་ལྔ་བའི་ལང་ཚོ་ཞེས་པའི་རིག་རྩལ་སྤྲོ་ཚོགས་འདི་བསྡུས་པ་ཡིན།
དགེ་རྒན་བཟང་བོའི་སློབ་ཕྲུག་ཚོས་རང་ཉིད་ཀྱི་ཆུ་ཚད་མཐོན་པོ་རོལ་དབྱངས་ཀྱི་འགྱུར་ཁུགས་ལ་བརྒྱུས།
མཚོ་ལྷོ་ཁུལ་གྱི་སློབ་གསོ་ཕྱོགས་བསྡུས་ཐོན་ཁུངས་ལ་བཅོས་བསྒྱུར་བྱས་པའི་ཚུན་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་ལས་ཆེ་མ་ཆུང་གསུམ་ལ་དགའ་འོས་པའི་གྲུབ་འབྲས་མི་དམན་པ་བླངས་པ་འདི་ཡང་གོང་རིམ་པའི་སྲིད་འཛིན་ལས་ཁུངས་སོ་སོའི་བྱམས་བརྩེའི་ཐུགས་ཁུར་དང་རྒྱ་ཆེ་བའི་མང་ཚོགས་རྣམ་པའི་ལྷད་མེད་ཀྱི་རྒྱབ་སྐྱོར། མ་ཟད་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་དཀའ་སྤྱད་སྡུག་རུས་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་རེད།
ཨ་ཅེ་རོང་མོའི་ལྡེམ་ལྡེམ་གར་གྱི་འདེག་འཇོགས་ལས་ལྷད་མ་
གོས་པའི་དྭངས་གཙང་གི་འཚོ་བའི་མངའ་ཐང་རྙེད།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཙུགས་ནས་ལོ་འཁོར་གཉིས་འགོར་ལ་ཉེ་བའི་དུས་འདིར། སློབ་གྲྭས་བདེ་འཇགས་དང་ཚུལ་ལྡན། དཔལ་ཡོན་རིག་གནས་ཀྱི་མཁའ་དབུགས་གསར་བ་སྔོག་འདོན་བྱས་ཏེ་དགེ་སློབ་ཟུང་གིས་བློ་རྩ་བརྟན་པོས་ཡར་རྒྱས་ལ་བརྩོན་ལེན་དང་གསར་གཏོད་མདུན་སྐྱོད་ཀྱི་གོམ་འགྲོས་མཉམ་པོས་ལི་ཤུའི་མེ་ཏོག་གི་བཀྲག་མདངས་རྣམ་པར་འཚེར་བའི་དུས་བཟང་འདི་ལ་ང་ཚོས་མུ་མཐུད་དུ་གསར་བསྒྱུར་འཛུགས་སྐྲུན་དང་འཆམ་མཐུན་དཔལ་ཡོན་ལྡན་པའི་སྔོན་ཐོན་གྱི་སློབ་ར་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད།
མ་བཅོས་སེམས་ཀྱི་གླུ་ཆུང་འདིར་བཞུགས་ཁྲོམ་ལ་འབུལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སྤྱི་ཚོགས་ཐོག་གི་རིགས་སོ་སོའི་མང་ཚོགས་རྣམ་པས་སློབ་གྲྭར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རིག་གནས་ཐང་ཆེན་དུ་ཐེངས་དང་པོར་རིག་རྩལ་སྤྲོ་ཚོགས་བསྡུས་པ་འདིས་ཁྲི་ཀ་རྫོང་གི་རིག་གནས་མཁའ་དབུགས་ལ་སྔར་ལས་ལྷག་པའི་སྟོང་ཆ་གསར་བ་ཞིག་བསྐངས་པ་རེད།
ང་ཚོས་ཆུང་ཆུང་བྱིས་དུས་ནས་སྒྱུ་རྩལ་གྱི་རྨང་གཞི་ལེགས་པོ་འདིང་མགོ་བརྩམས།
ཐེངས་འདིར་རིག་རྩལ་འཁྲབ་སྟོན་ལ་ཞུགས་པའི་དགེ་སློབ་ཡོངས་ཀྱིས་དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་ཅིག་གཏོར་བས་ཐེངས་དང་པོར་རིག་གནས་ཐང་ཆེན་དུ་བསྡུས་པའི་རིག་རྩལ་སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་བསྡུས་ཤིང་། གོང་རིམ་འགོ་ཁྲིད་དང་རྒྱ་ཆེ་བའི་ལྟད་མོ་བ་རྣམ་པས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ད་བར་དུ་འདི་ལྟ་བུའི་རིག་རྩལ་གྱ་ནོམ་པ་ཞིག་མང་ཚོགས་ཡོངས་ཀྱི་སྤྱན་ལམ་དུ་བསྟན་མ་མྱོང་ཞེས་བསྟོད་པའི་མཐེ་བོང་དང་དགའ་མགུའི་བསྔགས་ཚིག་ཇི་སྙེད་ཅིག་གཏོར་བ་རེད།
རིག་རྩལ་སྤྲོ་ཚོགས་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
རེབ་འདིའི་སྤྲོ་ཚོགས་ཀྱིས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་གཅིག་མཐུན་གྱི་སྙིང་སྟོབས་མངོན་པར་མཚོན་ཞིང་། གཟབ་ནན། བདེན་འཚོལ། མཛའ་མཐུན། གསར་སྙེག་གི་སློབ་གྲྭའི་སྲོག་ཤིང་འབུར་དུ་ཐོན་ཡོད།