ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ཤ་ར་བྷ་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར།
ཁོ་ཚོར་འ་འུར་ལྡང་བའི་རླུང་ནག་གི་ཟིལ་ཤུགས་ཡོད་ལ། སྐད་ཅིག་ཉིད་ལ་ལང་ལོང་འཁྲིགས་ཏེ་
ཕ་རོལ་བའི་སྡེ་བཞི་སྟོབས་ཀྱིས་མནོན་པའི་རང་དབང་གི་རྩལ་ཤུགས་ཡོད། ཐེངས་འདིར་ཁོ་ཚོས་
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་ཁ་གཡང་སྙན་མོ་གསང་མཐོར་སྒྲོག་བཞིན་བདེ་
བླག་ངང་ཤ་ར་བྷ་རྟགས་མའི་བྱ་དགའ་ལེན་པར་ཡིད་ཆེས་ཆེན་པོ་བཅངས་ཡོད།
2011ལོའི་ཟླ4བའི་ཚེས15ནས21ཉིན་བར་ཏེ་བསྟུད་མར་ཉིན་དྲུག་གི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་སློབ་རའི་ལུས་རྩལ་གྱི་ཆུ་ཚད་མཐོར་འདེགས་དང་གཟུགས་གཞི་བདེ་ཐང་ཡོང་བ། རིག་གནས་དཔལ་ཡོན་ལྡན་པའི་ཚུལ་ལྡན་སློབ་གྲྭ་ཞིག་གསོ་སྐྱོང་བྱ་ཆེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ཤ་ར་བྷ་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་སྙན་མོའི་ཁྲོད་ནས་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་རྫོགས་པ་རེད།
དཔའ་མ་ཞུམ་པའི་རྩལ་དྲུག་གི་བློ་སྟོབས་དང་། ངར་མ་ཉམས་པའི་བརྩོན་ལེན་གྱི་
འདུན་པའི་ཀློང་ན། ཁྱོད་ཕམ་ང་རྒྱལ་གྱི་འགྲན་རྩོད་དྲག་པོ་དགུང་སྔོན་གནམ་ལ་
བསྟོད་ཞོར་ཐེངས་འདིའི་འགྲན་བསྡུར་བདེ་བླག་དང་རྒྱལ་ཁའི་ངང་མཇུག་
སྒྲིལ་བར་སྨོན་ལམ་འདེབས་བཞིན་ཡོད།
ཐེངས་འདིའི་རྐང་རྩལ་སྤོ་ལོའི་འགྲན་བསྡུར་ལ་རིན་ཆེན་འདུས་རི་སྐྲ་སྐྱེས་བདུད་རྩིའི་ལས་ཁུངས་ཀྱིས་སློབ་མའི་རུ་ཁག་གཉིས་ལ་ལྭ་བ་ཆ་ཚང་གི་རོགས་སྐྱོར་གནང་སྦྱིན་བྱས་ཏེ་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ཞལ་ཏ་སློབ་གསོ་གནངས་ནས་སྐུལ་སློང་མང་པོ་བྱས།
དམའ་འབྲིང་རིམ་པའི་ཅང་ཤེས་རྟ་ནག་ཚོགས་པས་ཡངས་མོའི་ཐང་ནས་བང་ཁ་འགྲན་མྱོང་ལ།
བདེ་མོ་སྤང་ནས་བྱང་ལམ་བཅད་མྱོང་། དགྲ་ལྷ་ཝེར་མ་ཁྱེད་ཚོའི་དཔུ་རོགས་ཡིན་ཞིང་།
ཡུལ་ལྷ་གཞི་བདག་ཁྱེད་ཚོའི་མགོན་སྐྱབས་ཡིན། སྟོབས་ཤུགས་སྐྱེད། ཀི་རྒྱང་གཅིག་གིས་
ཁྱེད་ཚོས་རྒྱལ་ཁའི་བ་དན་ཕྱར་ཆོག ཐོང་ལྕག་གཅིག་གིས་ཁྱེད་ཚོས་འབྲས་
བཟང་གི་རྟགས་མ་བླངས་ཆོག
འགྲན་བསྡུར་ལ་ཁྱོན་བསྡོམས་རུ་ཁག་བརྒྱད་ཞུགས་ཡོད་དེ། སློབ་མའི་རུ་ཁག་ཕྱོགས་ནས་ལོ་རིམ་ལྔ་བའི་ཐང་དཀར་རྒོད་པོ་རུ་ཁག་དང་ལོ་རིམ་དྲུག་པའི་རྣོ་ལྕགས་རུ་ཁག ལོ་རིམ་བདུན་པའི་ན་གཞོན་གདོང་མཆོངས་རུ་ཁག ལོ་རིམ་བརྒྱད་པའི་རྟ་མཆོག་རྒོད་པོ་རུ་ཁག ལོ་རིམ་དགུ་བའི་རླུང་འཚུབ་ནག་པོའི་རུ་ཁག གཞན་ད་དུང་དགེ་བཟོ་བའི་ཕྱོགས་ནས་འཚོ་བའི་དོ་དམ་ཚན་ཁག་དང་སློབ་ཆུང་རིམ་པའི་དགེ་བཟོ་བའི་རི་སྤྱང་དར་མ་རུ་ཁག་དང་དམའ་འབྲིང་རིམ་པའི་ཅང་ཤེས་རྟ་ནག་རུ་ཁག རྩལ་སྦྱང་དང་རི་མོ། གླུ་དབྱངས་བཅས་ཚན་ཁག་གསུམ་མཉམ་འབྲེལ་གྱིས་གྲུབ་པའི་གངས་རིའི་བུ་རྒྱུད་རུ་ཁག་བཅས་ཡིན་པ་རེད།
ཛ་དྲག་གི་འགྲན་བསྡུར་ཁྲོད་ན་རུ་མི་རེ་རེར་འགན་འཁྲི་རེ་ཡོད།
སྐབས་གཉིས་པའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་ནི་སྐབས་དང་པོ་དང་བསྡུར་ན་རུ་ཁག་མང་ཞིང་སོ་སོའི་ཆུ་ཚད་ཀྱང་སྔོན་དང་བསྡུར་ན་ཡར་རྒྱས་ཆེན་པོ་སོང་ཡོད་པས། ཐུན་མིན་གྱི་ཁྱད་ཆོས་རེ་རེ་ལས་ལྟ་མཁན་པ་དགེ་སློབ་ཡོངས་ལ་ཡ་མཚན་པའི་ལྟད་མོ་དང་ཡིད་འགུག་པའི་ནུས་རྩལ་བསྟན་ཞིང་ཉིན་དྲུག་གི་འགྲན་བསྡུར་གྱི་གོ་རིམ་ཁྲོད་གཅིག་ལས་གཅིག་ལྷག་གི་ངར་ཤུགས་དང་སྟོབས་རྩལ་ལས་ཡིད་འཕྲོག་པའི་འགྲན་བསྡུར་ཇི་ལྟར་འདས་པའང་མ་ཤེས་པ་རེད།
ཡིད་འཕྲོག་པའི་འགྲན་བསྡུར་ལྟ་མཁན་པའི་མིག་གི་དགའ་སྟོན་དུ་སྨིན།
དབྱར་ཉི་མའི་ཚ་གདུང་ཇི་འདྲའི་རྣོ་ན་ཡང་རུ་ཁག་སོ་སོའི་རུ་མི་ཐམས་ཅད་ལུས་རྩལ་ལ་སྤྲོ་ཞིང་བྱ་འགུལ་ལ་ཟབ་ཞུགས་བྱེད་པར་དེ་བས་ཀྱང་ཞོགས་ཆེ་བའི་སྟབས་ཀྱིས་འགྲན་རྩོད་ཀྱི་སྤོབས་པ་གཟེངས་སུ་བཏེགས་ཡོད།
མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་ཁྲོད་ནས་རྒྱལ་ཕམ་རྩོད་པ།
ཚེས21ཉིན་གྱི་ཕྱི་དྲོ་དུས་ཚོད་ལྔའི་སྟེང་དུ་སློབ་གྲྭའི་མགོ་ཁྲིད་རིམ་པས་འགྲན་བསྡུར་མཇུག་བསྡུ་བའི་མཛད་སྒོ་བསྡུས། ཐེངས་འདིའི་ཛ་དྲག་གི་འགྲན་བསྡུར་ཁྲོད་གངས་རིའི་བུ་རྒྱུད་རུ་ཁག་གིས་ཨང་དང་པོའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཅིང་། ཅང་ཤེས་རྟ་ནག་རུ་ཁག་གིས་ཨང་གཉིས་པའི་བྱ་དགའ་དང་རླུང་འཚུབ་ནག་པོའི་རུ་ཁག་གིས་ཨང་གསུམ་པའི་བྱ་དགའ་ཐོབ་པ་རེད།
སྐབས་གཉིས་པའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོའི་འགྲན་བསྡུར་ཁྲོད་གསེར་གྱི་
བྱ་དགའ་ཐོབ་པའི་རྩལ་སྦྱང་དང་རི་མོ། གླུ་དབྱངས་བཅས་ཚན་ཁག་
གསུམ་མཉམ་འབྲེལ་གྱིས་གྲུབ་པའི་གངས་རིའི་བུ་རྒྱུད་རུ་ཁག
མཇུག་མཐར་སློབ་གྲྭའི་མགོ་ཁྲིད་ཀྱིས་ད་དུང་མུ་མཐུད་དུ་ལུས་རྩལ་གྱི་ཕྱོགས་ལ་ཤུགས་མང་པོ་བརྒྱབ་སྟེ་བོད་རིགས་བྱིས་པ་རྣམས་ཀྱི་ལུས་རྩལ་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་ཞིང་ཆེན་ལ་ཁ་ཕྱོགས་པ། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་དམིགས་ཚད་མངོན་འགྱུར་གྱི་ཆེད་ལ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་གནང་པ་རེད།