logo

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་བུ་མོ་དྲུག་གིས་གཟའ་ཉི་མའི་དཔེ་ཀློག་ཅེས་པའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:འཁྱམས་ཏ་རེ་རྒྱལ། ཡོང་ཁུངས།: བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2011-04-13 ཀློག་གྲངས།:


སློབ་མ་བུ་མོ་དྲུག་གིས་དཔེ་ཀློག་བྱེད་སྒོ་སྤེལ་གྱི་ཡོད་པ།

           སྤྱི་ལོ2011ལོའི་ལུགས་གསར་གྱི་ཟླ4བའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད10.30སྟེང༌། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི2009ལོའི་དངོས་གཞིའི་སློབ་མ་བུ་མོ་དྲུག་གིས་སློབ་རའི་ནང་དུ་གཟའ་ཉི་མའི་དཔེ་ཀློག་ཅེས་པའི་བྱེད་སྒོ་སྤེལ་བ་དང༌། བྱེད་སྒོ་དེ་ནི་བོད་ཡིག་སློབ་གླིང་གི་རྒྱབ་སྐྱོར་དང་དགེ་རྒན་དཔལ་མོ་སོགས་ཀྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་སྤེལ་བ་རེད། 
           སློབ་གྲོགས་ཚོར་དཔེ་ཀློག་གི་འདུན་པ་ཆེ་ཡང་ལན་གྲུ་གྲོང་ཁྱེར་ནས་བོད་ཡིག་གི་དཔེ་ཆ་ཉོ་རྒྱུ་ཁག་པོ་ཡིན་སྟབས། སློབ་མ་བུ་མོ་དེ་ཚོས་ལྷག་བསམ་རྣམ་དག་གིས་སློབ་གྲོགས་རྣམས་ལ་ཞབས་འདེགས་བསྒྲུབ་རྒྱུ་དང༌། སློབ་རའི་སློབ་སྦྱོང་གི་མཁའ་དབུགས་ཇེ་ཡག་ལ་བསྐྲུན་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ཡོད་ལ། ཞོར་དུ་ལག་ལེན་དངོས་ལ་ཞུགས་ཏེ་རང་རང་གི་ནུས་རྩལ་ཇེ་མཐོར་གཏོང་རྒྱུའི་དམིགས་ཡུལ་ཡང་བཅངས་ཡོད།


སློབ་མ་རྣམས་ཀྱིས་དཔེ་ཀློག་བྱེད་བཞིན་ཡོད་པ།

           ཁོ་མོ་དྲུག་པོས་སྔ་དྲོ་ནས་བཟུང་བོད་ཡིག་གཙོ་བྱས་ཏེ་གྲ་སྒྲིག་བྱས་པའི་དཔེ་ཆ250ལྷག་སློབ་རའི་ནང་བཤམས་སྟོན་དང་མངག་ཉོ་བྱས་པས། བོད་རིགས་སློབ་མ་གཙོ་བྱས་པའི་སློབ་གྲྭ་ཡོངས་ཀྱི་དགེ་སློབ་རྣམ་པར་དཔེ་ཆ་གཡོར་བ་དང་འཚོང་བ། ཀློག་པ་བཅས་ཀྱི་གོ་སྐབས་བཟང་པོ་ཞིག་བསྩལ་ཅིང༌། དཔེ་ཆ་དེ་དག་ལས་སྐོར་ཞིག་ནི་རྟོག་དཔྱོད་བྱས་པ་བརྒྱུད་ནས་སློབ་མ་རྣམས་ཀྱི་དགོས་མཁོ་ལྟར་གྲ་སྒྲིག་བྱས་པ་དང་དཔེ་ཆ་མང་ཆེ་ཤས་རྒན་དཔལ་མོས་འོས་སྦྱོར་བྱས་པ་ལྟར་ཟི་ལིང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་སྐོར་ཞིག་གིས་མཁོ་སྤྲོད་བྱས་པ་རེད། 
           བྱེད་སྒོ་འདི་ལ་དགེ་སློབ་མང་བོའི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་པས། བུ་མོ་དྲུག་པོས་དགའ་སྤྲོའི་ངང་རྗེས་སུའང་ཟླ་རེ་རེའི་ཟླ་མགོའི་གཟའ་ཉི་མའི་ཉིན་ལ་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུ་མ་ཟད། དཔེ་ཆའི་རིགས་དང་གྲངས་འབོར་ཡང་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
            ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་བྱེད་སྒོའི་བྱ་གཞག་ཡོད་ཚད་བདེ་ལེགས་ངང་མཇུག་བསྒྲིལ་བ་རེད།གོང་གི་དོན་སྙིང་གལ་ཆེན་ལྡན་པའི་བྱེད་སྒོ་འདི་ནི་བོད་རིགས་བུ་མོ་སློབ་ཆེན་པ་དྲུག་ཁོ་ནས་བསྒྲུབས་པ་ཡིན་ཡང༌། འདི་ལས་དེང་གི་བོད་རིགས་བུ་མོ་སློབ་ཆེན་པ་རྣམས་ཀྱི་རླབས་ཆེ་བའི་ལྷག་བསམ་དང་སྤོབས་པ་མངོན་པར་མཚོན་ཐུབ་ཀྱི་ཡོད།   

 


འབྲེལ་ཡོད་འོས་སྦྱོར།