logo

བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།

རྩོམ་པ་པོ།:ལྷ་མོ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-07 ཀློག་གྲངས།:


ཞལ་འདེམས་པ།   

  ཟླ4བའི་ཚེས3ཉིན།  མདོ་དབུས་ཁམས་གསུམ་གྱི་བུད་མེད་རྩོམ་རིག་པ་དང་བུད་མེད་ཀྱི་ལས་དབང་ལ་དོ་ཁུར་བྱེད་བཞིན་པའི་དགེ་སློབ་དག་གནའ་མཁར་ཟི་ལིང་དུ་མཉམ་འཛོམས་བྱུང་ནས་བུད་མེད་ཀྱི་གོ་གནས་སྐོར་བགློ་གླེང་བྱས་པ་དང་།  བུད་མེད་རྩོམ་རིག་པ་དག་ལ་བྱམས་བུད་མེད་རྩོམ་རིག་བྱ་དགའི་རྟགས་མ་གནང་། 


རེབ་གོང་མི་རིགས་སློབ་འབྲིང་གི་རྒན་པདྨ་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

  བྱམས་བུད་མེད་རྩོམ་རིག་བྱ་དགའ་ནི་བོད་ཁུལ་གྱི་གསར་སྐྱེས་བུད་མེད་རྩོམ་པ་པོ་དག་ལ་དམིགས་ནས་བཙུགས་པའི་དགའ་རྟགས་ཤིག་ཡིན་ལ།  ཐེངས་འདིའི་མཛད་སྒོ་ནི་མཚོ་སྔོན་སྙིང་རྗེའི་བུད་མེད་ཚོགས་ཆུང་དང་།  ཀན་ལྷོ་ཁུལ་ན་གཞོན་སྙན་ངག་པའི་མཐུན་ཚོགས།  གངས་རིའི་བུ་མོའི་རྩོམ་སྒྲིག་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་རིགས་བུད་མེད་ཀྱི་གོ་གནས་དང་འཚོ་བ།  འཚར་ལོངས་ཀྱི་གོ་རིམ་བརྗོད་བྱ་ཡིན་པ་དང་།  གཙོ་བོ་སྙན་ངག་དང་ལྷུག་རྩོམ་སོགས་ཀྱི་རྩོམ་སྟངས་སྤྱད་ཡོད་པའི་རྩོམ་རིག་བརྩམས་ཆོས་གདམས་པའི་བྱ་འགུལ་ཞིག་ཡིན། 2010ལོའི་ཟླ10བ་ནས་རྩོམ་རིག་བསྡུ་བའི་འགོ་བརྩམས་པ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་བུད་མེད་སྨྱུག་ཐོག་པ་དག་གིས་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་བཅུད་ལྷུག་སྤེལ་མ་ཅི་རིགས་ཀྱི་སྒོ་ནས་རྩོམ་ཡིག་བྲིས།  ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པའི་རྩོམ་ཡིག218འགྲན་བསྡུར་ལ་ཞུགས་ཤིང་།  ཞལ་འདེམས་པ་དག་གིས་རྩོམ་གྱི་བརྗོད་བྱ་དང་།  རྩོམ་སྟངས།  སྒྱུ་རྩལ་གྱི་ཁྱད་ཆོས།  ཚིག་སྦྱོར་སོགས་ཕྱོགས་གང་ཐད་ལ་གཞིགས་ནས་སྔ་རྗེས་སུ་ཐེངས་གསུམ་ལ་ཞལ་འདེམས་བྱས།  འགྲན་ཞུགས་རྩོམ་ཡིག218ལས་ཐོག་མར་རྩོམ་ཡིག60བདམས་པ་དང་།  དེ་ནས་རྩོམ་ཡིག60ལས30བསྐྱར་དུ་ལེགས་བདམས་བྱས་པ།  མཐར་རྩོམ་ཡིག30ལས12ལེགས་བདམངས་བྱས་ནས་ཐེངས་འདིའི་མཛད་སྒོ་ལས་ཨང་རིམ་བཀར་བ་རེད།བྱམས་བུད་མེད་རྩོམ་རིག་བྱ་དགའ་ལ་ཨང་དང་པོ་གཅིག་དང་།  ཨང་གཉིས་པ་གཉིས།  ཨང་གསུམ་པ་གསུམ།  རྟིང་སྐུལ་བྱ་དགའ་དྲུག་བཅས་བཀོད་སྒྲིག་བྱས་ཡོད། 


བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོར་ཕེབས་པའི་གདན་ཞུའི་མི་སྣ།

  ཚེས3པའི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་མཛད་སྒོ་དངོས་སུ་འགོ་བརྩམས།   མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་རྡོ་ཚེ་བརྟན་དང་།  ཀན་ལྷོ་ཁུལ་ན་གཞོན་སྙན་ངག་ཚོགས་པའི་ཚོགས་གཙོ་དགའ་བདེ་ཚེ་རིང་།  མཚོ་སྔོན་སྙིང་རྗེ་ཚོགས་པའི་བྱམས་བུད་མེད་ཚོགས་ཆུང་།  བྱམས་བུད་མེད་རྩོམ་རིག་བྱ་དགའི་གཙོ་སྒྲུབ་པ་མགོན་པོ་སྐྱིད་དང་ཧོར་གཙང་ཀླུ་རྒྱལ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་བདུད་ལྷ་རྒྱལ།  བོད་ལྗོངས་སློབ་ཆེན་གྱི་རྒན་བྱ་མདོ་དོན་གྲུབ་ཚེ་རིང་།  མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་རྒན་རྨོག་རུ་དོན་གྲུབ་ཚེ་རིང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གཅན་བཀྲ་བྷོ།  སྦྲང་ཆར་རྩོམ་སྒྲིག་ཁང་གི་ཨ་སྨྱོན་བཀྲ་ཤིས་དོན་འགྲུབ།  རེབ་གོང་མི་རིགས་སློབ་འབྲིང་གི་རྒན་པདྨ་མཚོ།  གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་འཕགས་པ་ཐར།  མང་ཚོགས་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་ཚེ་རྒྱལ།  བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁང་གི་བསྟན་པ་ཡར་རྒྱས།  མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས།  མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་འབྲུག་ལྷ་རྒྱལ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འཇིགས་མེད་རྡོ་རྗེ།  མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་རམས་ཚེ་བྷོ།  བོད་ལྗོངས་རྩོམ་སྒྱུར་ཅུའི་ར་ས་བསྟན་འཛིན་ཆོས་གྲགས།  མཚོ་སྔོན་ཉིན་རེ་ཚགས་པར་ཁང་གི་ཁྲི་སེམས་དཔའ་སོགས་བོད་སྐད་ཡིག་བྱ་བ་སྒྲུབ་པ་དང་རྩོམ་རིག་ལ་དུངས་ཞེན་ཆེ་བའི་དགེ་རྒན་དང་རྩོམ་སྒྲིག་མཁན་མང་པོ་ཞིག་མཛད་སྒོར་ཞུགས།  དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་གསོ་རིག་སློབ་ཆེན་སོགས་ཀྱི་བོད་རིགས་བུད་མེད་ཀྱི་ལས་དབང་དང་ལྷག་པར་དུ་བུད་མེད་རྩོམ་པ་པོ་དག་ལ་བརྩི་མཐོང་དང་དོ་ཁུར་བྱེད་པའི་སློབ་མ་མང་པོ་ཞིག་ཀྱང་མཛད་སྒོར་ཞུགས།


བྱམས་བུད་མེད་བྱ་དགའ་ཐོབ་པའི་གསར་སྐྱེས་སྨྱུག་ཐོག་པ་དག

  ཐེངས་འདིའི་མཛད་སྒོ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་བཀྲ་ཤིས་དོན་འགྲུབ་ཀྱིས་མདོ་འཛིན་བྱས།  སྔ་དྲོའི་བགྲོ་གླེང་བྱ་འགུལ་སྟེང་ཞལ་འདེམས་པ་དག་གིས་འགྲན་ཞུགས་རྩོམ་ཡིག་གི་བརྗོད་བྱ་དང་། རྩོམ་སྟངས།  ཚིག་སྦྱོར་སོགས་ཀྱི་ཐད་ནས་ཞལ་འདེམས་ཀྱི་མྱོང་ཚོར་བཤད་པ་དང་། དེ་མིན་ད་དུང་སྐྱེས་མའི་རྩོམ་རིག་གི་སྐོར་ཡང་བགྲོ་གླེང་བྱས།  ཁོང་ཚོས་བཤད་རྒྱུར།  ལོ་འདི་འགའི་རིང་ལ་བོད་རིགས་ཀྱི་གསར་སྐྱེས་བུད་མེད་སྨྱུག་ཐོག་པའི་རྒྱ་ཆེ་རུ་འགྲོ་བཞིན་མཆིས་ལ།  བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད།  དེ་ནི་དགའ་འོས་པའི་དོན་ཞིག་རེད། དེ་བས་རྒྱ་ཆེ་སློབ་ཆེན་གྱི་བོད་རིགས་བུད་མེད་དག་གིས་དཔེ་ཀློག་མང་པོ་བྱས་ནས་མིག་རྒྱང་ཡངས་བར་བྱེད་པ་དང་། རང་ཉིད་ཀྱི་འཚོ་བའི་མྱོང་ཚོར་ལས་བུད་མེད་ཀྱི་གོ་གནས་དང་ལས་དབང་ལ་དམིགས་ནས་རྩོམ་ཡིག་འབྲི་དགོས་ཤིང་། 
བསམ་བློའི་གོ་རྟོགས་དང་གསར་མཐོང་གི་མིག་དབང་ངེས་ཅན་ཞིག་ལས་མུ་མཐུད་དུ་རྩོམ་རིག་གར་སྟེགས་ལས་རང་ཉིད་ལ་དབང་བའི་གོ་གནས་ཤིག་འཚོལ་སྙེགས་བྱེད་པར་འབད་དགོས།


 བྱམས་བུད་མེད་རྩོམ་རིག་བྱ་དགའི་གཙོ་སྒྲུབ་པ་མགོན་པོ་སྐྱིད་ལགས་ཀྱིས་མཛད་སྒོའི་གནས་ཚུལ་གསལ་བཤད་གནང་བཞིན་པ།


བྱམས་བུད་མེད་རྩོམ་རིག་བྱ་དགའི་ཨང་གཉིས་པ་ཐོབ་མཁན་གྱི་དཔལ་མོ་རྒྱལ་ལགས་ཀྱིས་ཁོ་མོའི་འགྲན་ཞུགས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

  ཕྱི་དྲོའི་བྱ་དགའ་གནང་བའི་བྱ་འགུལ་ཁྲོད།  ཞལ་འདེམས་པས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་གསལ་བསྒྲགས་བྱས་པ་དང་ཆབས་ཅིག་བྱ་དགའ་གནང་།  བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་མེ་ཏོག་སྐྱིད་ཀྱིས་བཤད་རྒྱུར།  “ཐེངས་འདིའི་བྱ་དགའ་ནི་ང་ཚོར་མཚོན་ན་རྩོམ་རིག་གར་སྟེགས་སྟེང་སྤོས་པའི་གོམ་པའི་འདེགས་འཇོག་དང་པོ་ཡིན་ལ། ང་ཚོས་མུ་མཐུད་དུ་བུད་མེད་ཀྱི་གོ་གནས་དང་ལས་དབང་ལ་དམིགས་ནས་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་རང་ཉིད་ལ་དབང་བའི་གོ་གནས་ཤིག་འཚོལ་སྙེགས་བྱེད་རྒྱུ་ཡིན།”  བྱམས་བུད་མེད་རྩོམ་རིག་བྱ་དགའ་མཇུག་བསྡུ་བའི་ཚུལ་དུ“བོད་པ་ཚང་གི་བུ་མོ་”ཞེས་པ་སོགས་སྙན་ངག་གྱེར་འདོན་བྱས།
  མཇུག་མཐར་བུད་མེད་རྩོམ་པ་པོ་དང་ཞལ་འདེམས་པའི་མཉམ་དུ་པར་བསྐྱོན་ནས་ཐེངས་འདིའི་མཛད་སྒོ་བདེ་བླག་ངང་མཇུག་རྫོགས་སོ། །


བུད་མེད་སྨྱུག་ཐོག་པ་དང་ཞལ་འདེམས་པ་ཚོའི་མཉམ་དུ་པར་བསྐྱོན་པ།

ཞར་བཀོད།  བྱམས་བུད་མེད་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་ཐོ།
    ཨང་དང་པོ།    བོད་གཞུག་སྐྱིད།  《གནམ་གྱི་ཕྱེད་ཀ་ཡར་འདེགས་མཁན་གྱི་གྱད་མི་དེ་སུ་ཡིན། 》 (སྙན་ངག)
    ཨང་གཉིས་པ།  དཔལ་མོ་རྒྱལ།  《བོད་པ་ཚང་གི་བུ་མོ།》 (སྙན་ངག)
                          མེ་ཏོག   《མཐོ་སྒང་བུད་མེད་ཚོའི་ལས་དབང་།》 (ལྷུག་རྩོམ།)
    ཨང་གསུམ་པ།  ལྷ་མོ་སྐྱིད།   《ངས་བརྗོད་འདོད་པའི་སྐད་ཆ་ལས་གཅིག》 (ལྷུག་རྩོམ།)
                         མེ་ཏོག་སྐྱིད།  《གངས་དཀར་པོ་དང་མ་སྲུ་མོ།》  (སྙན་ངག)
                          ལོངས་སྤྱོད་སྐྱིད།  《སེམས་ཁོངས་ནས་བརྡོལ་བའི་སྐད་ཆ།》 (ལྷུག་རྩོམ།)
    རྟིང་སྐུལ་བྱ་དགའ།  ཚེ་སྐྱིད་ལྷ་མོ།  《སྙིང་ཉེ་མ། ངས་ཁྱོད་ལ་སྙན་ངག་འབྲི་བཞིན་ཡོད།》 (སྙན་ངག)
                               ཚེ་དབང་ལྷ་མོ།  《བརྩེ་སེམས་ཀྱི་དྲོད་ཁོལ་དུ་འཁྱིལ་བའི་ཡུམ་ཆེན།》 (སྙན་ངག)
                               རྡོ་རྗེ་སྐྱིད།   《དྲ་ནང་གི་བུ་མོ།》(ལྷུག་རྩོམ།)
                               ལྕགས་བྱམས་སྒྲོལ་མ།   《སྙིང་གཏམ་ཕར་བཤད་ཚུར་བཤད།》(སྙན་ངག)
                               བསམ་འགྲུབ་སྒྲོལ་མ།   《གསེར་མདོག་གི་བཤུལ་ལམ།》(སྙན་ངག)
                               གཡུ་སྒྲོན་མཚོ།  《གཟིམས་པ་མེད་པའི་སྒྲོན་མེ།》(བརྩམས་སྒྲུང་།)


འབྲེལ་ཡོད་འོས་སྦྱོར།