སློབ་གསོ་པུའུ་ཡི་པུའུ་ཀྲང་གིས་སློབ་གསོ་བཅོས་སྒྱུར་ཐད་ཀྱི་གནད་དོན་ལ་ལན་བཏབ།
ཉེ་ལམ། པེ་ཅིན་ནས་བསྡུས་པའི་ཡིད་འཇོག་ཆེ་བའི་གནད་དོན་སྐོར་གྱི་གནས་ཚུལ་སྙན་ཞུའི་ཚོགས་ཐོག་ཏུ། སློབ་གསོ་པུའུ་ཡི་པུའུ་ཀྲང་ཡོན་ཀོས་རིན་གྱིས་སློབ་གསོའི་ཐད་ཡིད་འཇོག་ཆེ་བའི་གནད་དོན་ལ་དམིགས་ནས། “ཅི་ལྟར་བལྟ་བ་དང་། ཅི་ལྟར་སྒྲུབ་པ”གསལ་བོར་བཤད།
གསར་འགོད་པས«སློབ་གསོའི་འཆར་འགོད་རྩ་གནད»ལག་ལེན་བྱས་པའི་ཚུན་ལ། ཀྲུང་དབྱང་དང་ས་གནས་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་མོད། འོན་ཀྱང་གནད་འགག་ཏུ་བཞག་ནས་འཛིན་དགོས་པ་ཕྱོགས་གང་དག་ཡོད་ཅེས་དྲིས་པར།
སློབ་གསོ་པུའུ་ཡི་པུའུ་ཀྲང་ཡོན་ཀོས་རིན་གྱིས་བསྟན་དོན། གནད་འགག་གཅིག་ནི་སློབ་གསོའི་ཐོན་ཁུངས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«མིག་སྔར་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ»ལྟར། སློབ་གྲྭར་མ་ཞུགས་གོང་གི་སློབ་གསོ་སྟེ་སློབ་སྔོན་སློབ་གསོ་ལག་ལེན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སྤེལ་མགོ་རྩོམ་པ་གནད་ཆེ་ས་བྱེད་པ་དང་། ཤུགས་ཆེན་པོས་གཞུང་སྒྲུབ་བུ་བཅོལ་ཁང་འཛུགས་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བུ་བཅོལ་ཁང་འཛུགས་པར་སྐུལ་མ་བཏང་སྟེ། མཁར་གྲོང་གི་སྤྱི་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་འཕར་སྣོན་བྱེད་དགོས།
གཉིས་ནི། དགེ་རྒན་ཡིན། འབྱུང་ཁུངས་ཀྱི་ཐད་ནས་བཤད་ན། འབྲིང་རིམ་བྱིས་པའི་སློབ་གསོའི་དགེ་འོས་སློབ་གྲྭ་དང་མཐོ་རིམ་དགེ་འོས་སློབ་གྲྭའི་སློབ་སྔོན་སློབ་གསོའི་ཆེད་ལས་ལེགས་སྒྲུབ་བྱས་ཏེ། བྱིས་པའི་སློབ་གསོའི་དགེ་འོས་ཆེད་ལས་སློབ་གྲྭ་སྐོར་ཞིག་འཛུགས་དགོས། འོས་འགན་སློབ་གསོའི་སྐབས་ཀྱི་དགེ་རྒན་ལྷག་མ་བདམས་ནས་སྐྱེད་སྲིང་བྱས་ཏེ་ཚད་དང་མཐུན་ན་སློབ་གྲྭར་མ་ཞུགས་གོང་གི་བྱིས་པའི་དགེ་རྒན་བྱེད་དུ་འཇུག་དགོས།
གསུམ་ནི། མ་དངུལ་གཏོང་བ་ཡིན། སློབ་སྔོན་སློབ་གསོ་ནི་འོས་འགན་སློབ་གསོར་མི་གཏོགས་པས། སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་ཐབས་འཚོལ་ཞིབ་དང་དེ་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱི་ཚོགས་སྟེང་གི་སྒྲུབ་མཁན་གྱིས་མ་དངུལ་གཏོང་བ་དང་ཁྱིམ་ཚང་གིས་དང་དུ་ལེན་པ་བཅས་ཀྱི་མ་དངུལ་གཏོང་ཐབས་བཙལ་དགོས།
བཞི་ནི། དོ་དམ་བྱ་བ་འཛིན་དགོས། སློབ་གྲྭ་སྒྲུབ་སྟངས་ཚད་ལྡན་ཅན་དུ་གཏོང་བ་དང་། རིགས་བཀར་ནས་བཅོས་སྐྱོང་བྱེད་པ། ལྟ་སྐུལ་དང་ལེགས་སྒྲིག་བཅོས་སྒྱུར་བྱེད་པ། མིག་སྔར་གནས་པའི་འཛིན་ཡིག་མེད་པར་བུ་བཅོལ་ཁང་འཛུགས་པའི་གནད་དོན་འོས་མཐུན་སྒོས་ཐག་བཅད་དེ། དོན་རྐྱེན་འདྲ་མིན་འབྱུང་བ་སྔོན་འགོག་བྱེད་དགོས།
གསར་འགོད་པས་ཀྲུང་གོའི་བྱིས་པ་ཚོ་དུས་ནམ་ཞིག་ལ་ད་གཟོད་དཔེ་ཁུག་ལྕི་མོ་དང་ཁ་འབྲལ་ཐུབ་རྒྱུའི་སྐོར་དྲིས་པར་ཡོན་ཀོས་རིན་གྱིས་བཤད་རྒྱུར། ས་གནས་སོ་སོ་དང་སློབ་གྲྭ་རེ་རེས་འབད་བརྩོན་གང་མང་བྱས་དང་བྱེད་ཀྱིན་ཡོད་མོད། འོན་ཀྱང་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པ་དེ་སྔར་བཞིན་རྨང་གཞིའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་དཀའ་གནད་ཅིག་རེད། བྱ་བ་དེ་ཇི་འདྲའི་དཀའ་ཞིང་རྙོག་ཟིང་ཆེ་རུང་ང་ཚོས་ཅིས་ཀྱང་བློ་ཐག་རྦད་ཆོད་དང་སྟོབས་ཤུགས་ཡོད་དགུ་བཏོན་ནས་སློབ་མ་ཚོའི་ཁུར་བོ་ཇེ་ཡང་དུ་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཁྱད་པར་དུ་སློབ་ཆུང་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་དམ་འཛིན་ལེགས་སྒྲུབ་བྱེད་རྒྱུ་ཡིན་ཟེར།
ཡོན་ཀོས་རིན་གྱིས་བཤད་རྒྱུར། སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དེ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་ཁུར་ཡིན་པ་གསལ་བོར་ཤེས་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག་གིས་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དེ་སློབ་གསོ་བྱ་བའི་ལས་འགན་གཙོ་བོར་བརྩི་བ་དང་། སློབ་གཞིའི་ནང་དོན་ལེགས་བསྒྲིག་དང་སློབ་ཁྲིད་ཀྱི་དཀའ་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། སློབ་མའི་ལས་བྱའི་འགན་ཁུར་ལ་ལྟ་ཞིབ་ཚད་ལེན་དང་ཁྱབ་སྒྲོག་བྱེད་པའི་ལམ་ལུགས་འཛུགས་དགོས། སློབ་རིམ་འཕར་བའི་ཚད་གྲངས་བགོས་མི་ཆོག་པ་དང་། སློབ་རིམ་འཕར་ཚད་ཀྱི་མི་གྲངས་ལ་བལྟས་ནས་ས་གནས་དང་སློབ་གྲྭའི་མིང་རིམ་བཀར་མི་ཆོག ད་ལོར་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལས་བྱའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་མཛུབ་སྟོན་བསམ་འཆར་ཞིབ་འཇུག་དང་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། གསར་དུ་བཟོ་བཅོས་གཏན་འཁེལ་བྱས་པའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཚན་འཆར་བཀོད་དང་ཚན་རིག་དང་མཐུན་པའི་སློབ་ཚན་ཚད་གཞི་ཁྱབ་སྒྲོག་བྱས་ནས། ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྐབས་ཀྱི་སློབ་གཞི་བཟོ་བཅོས་གཏན་འཁེལ་འཆར་གཞི2012ལོའི་སྟོན་ཁར་བཀོལ་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད།
སློབ་གྲྭས་སློབ་ཚན་འཆར་བཀོད་སྒྲིག་འགོད་ལག་ལེན་ནན་མོ་བྱེད་པ་དང་། སློབ་ཐུན་དང་ཇེ་མང་དང་དཀའ་ཚད་ཇེ་ཆེར་གཏོང་མི་ཆོག་པའི་ཕན་ཆད་ནས། ད་རུང་སློབ་ཁྲིད་ཀྱི་ཕན་ནུས་ཇེ་མཐོ་དང་ལས་བྱ་ཇེ་ཉུང་དུ་གཏོང་དགོས། རྒྱུགས་ལེན་པའི་ཐེངས་གྲངས་ཀྱང་ཚོད་འཛིན་ནན་མོ་བྱས་ནས། ཚད་རིམ་ཐོབ་ཐང་ལེན་པའི་རྒྱུགས་དང་འགྲན་སྡུར་སྦྱང་འབྲས་སྣ་ཚོགས་འོས་འགན་སློབ་གསོའི་སྐབས་ཀྱི་སློབ་ཞུགས་དང་སློབ་རིམ་འཕར་བའི་གཞི་འཛིན་ས་བྱས་མི་ཆོག། རྒྱ་ཆེ་བའི་ཁྱིམ་བདག་ཚོས་ཀྱང་སློབ་གསོའི་ལྟ་བ་ཡང་དག་པ་འཛིན་པ་དང་། ཚན་རིག་དང་མཐུན་པའི་སློབ་གསོ་གཏོང་ཐབས་བཙལ་བ། བུ་བུ་མོའི་སྐྱོན་དང་བྲལ་བའི་དགའ་ཕྱོགས་ལ་བརྩི་འཇོག་བྱས་ཏེ། མཉམ་དུ་སློབ་མ་ཚོའི་སློབ་སྦྱོང་གི་འགན་ཁུར་ཇེ་ཡང་དུ་གཏོང་དགོས།
གསར་འགོད་པས་རང་རྒྱལ་གྱི་འོས་འགན་སློབ་གསོས“སྒོར་མོ་སྤྲོད་མི་དགོས་པར་སློབ་གྲྭར་འགྲོ་ས་ཡོད་པ”མངོན་འགྱུར་བྱུང་ཡོད་མོད། འོན་ཀྱང་གྲོང་ཁྱེར་ཆེ་འབྲིང་ཁ་ཤས་སུ་སློབ་གྲྭ་བཟང་ངན་འདེམས་གསེས་བྱེད་དགོས་པ་དང་། གྲོང་ཁྱེར་དུ་ཞོར་ལས་ལ་ཡོང་བའི་མི་སྣའི་བྱིས་པ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ད་རུང་འབུར་ཐོན་ཡིན་པས། དེ་ཅི་ལྟར་བྱེད་དགོས་ཞེས་དྲིས་པར་སློབ་གསོ་པུའུ་ཀྲང་ཡོན་ཀོས་རིན་གྱིས་བཤད་རྒྱུར། “སློབ་གྲྭ་འདེམས་པའི་ཚ་རླབས”དེ་ཐག་གཅོད་པའི་བྱེད་ཐབས་ནི་འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དེ་རེད། དེ་ཡང་སྟོབས་ཤུགས་ཅུང་ཞན་པའི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དེའི་སྟོབས་ཤུགས་སྔར་ལས་ཇེ་ཆེ་དང་། སློབ་གྲྭ་བཟང་བོ་དང་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་དགོས་པ་དེ་རེད། ད་ལོ་རྫོང་ཁོངས་ས་ཁུལ་ཀྱི་འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་མཛུབ་སྟོན་བསམ་འཆར་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། ལྟ་སྐུལ་ཞིབ་བཤེར་དང་། ཞིབ་དཔྱོད་སྔོན་དཔག་ཚད་ལེན་བྱེད་ཐབས་འགོད་རྒྱུ་རེད། སློབ་གསོ་པུའུ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་དང་བརྗེད་ཐོའི་ཚུལ་གྱིས་རང་སོ་སོའི་ལས་འགན་གཏན་འཁེལ་བྱས་ཏེ། ས་གནས་སོ་སོར་ལྟ་སྐུལ་བྱས་ནས་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་དངོས་འབེབས་བྱེད་རྒྱུ་རེད། འོས་འགན་སློབ་གསོ་སྤེལ་བའི་སློབ་གྲྭའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པ་དང་། ཧུར་ཐག་སྒོས་རྫོང་ནང་ཁུལ་གྱི་དགེ་རྒན་ལུགས་མཐུན་གྱིས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། མཐོ་འབྲིང་སློབ་གྲྭ་སྔོན་གྲས་ཅན་དུ་སློབ་མ་བསྡུ་བའི་མིང་གྲངས་ལུགས་མཐུན་སྒོས་དམའ་འབྲིང་དུ་བགོ་བའི་སྲིད་ཇུས་གཏན་འཁེལ་བྱེད་པར་མ་ཟད་ལག་ལེན་དུ་བསྟར་དགོས། སློབ་ཁུལ་རང་བཞིན་གྱི་དོ་དམ་དང་། ཚོགས་ཁག་ཅན་གྱི་སློབ་གྲྭ་སྒྲུབ་སྟངས། གྲོགས་སྒྲིག་ནས་རོགས་སྐྱོར་བྱེད་དབྱིབས་བཅས་བརྒྱུད་དེ། ཁྱད་སྟོབས་སྤུས་ལེགས་སློབ་གྲྭའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས།
གསར་འགོད་པས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དེ་ནི་“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས”རང་རྒྱལ་གྱི་སློབ་གསོའི་ལས་དོན་གྱི་ཡིད་འཇོག་ས་ཞིག་རེད། ཡིན་ནའང་མིག་སྔའི་ལས་རིགས་སློབ་གསོའི་འགུག་ཤུགས་སྔར་བཞིན་ཅུང་ཞན་པས། དེ་ཅི་ལྟར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་འདྲི་ཚིག་བཏོན་པར་སློབ་གསོ་པུའུ་ཀྲང་ཡོན་ཀོས་རིན་གྱིས་གཤམ་གསལ་གྱི་ལན་བཏབ། དེང་ཕྱིན་མ་དངུལ་སྔར་ལས་མང་པོ་ཞིག་བཏང་ནས། ལས་རིགས་སློབ་གསོའི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ལས་རིགས་སློབ་གསོའི་སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས། སྔར་ལས་གཏིང་ཟབ་པའི་སྒོ་ནས་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་དང་། བཟོ་ལས་དང་སློབ་སྦྱོང་ཟུང་འབྲེལ། ལས་གནས་སུ་སོང་ནས་ལས་ཚབ་བྱས་ཏེ་དངོས་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སློབ་མའི་ལས་ཞུགས་དང་ལས་དོན་གསར་སྤེལ་གྱི་ནུས་པ་ཇེ་མཐོར་གཏོང་དགོས། ཧུར་ཐག་སྒོས་སློབ་སྦྱོང་ལོ་རྒྱུས་འཛིན་ཡིག་དང་ལས་རིགས་ཚད་མཐུན་འཛིན་ཡིག་ལེན་པའི“འཛིན་ཡིག་གཉིས”ཀྱི་ལམ་ལུགས་སྤེལ་ནས། ལས་ཀར་ཞུགས་ཆོག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
མིག་སྔར་རང་རྒྱལ་གྱི་བརྒྱ་ཆའི་ཉི་ཤུའི་འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མས་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད། ཕྱིན་ཆད་ད་རུང་སྔར་ལས་ལྷག་པའི་སྒོ་ནས་སློབ་ཡོན་མི་ལེན་པའི་གཞི་ཁྱོན་ཇེ་ཆེར་བཏང་ནས། འབྲེལ་ཡོད་གྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་རེད། ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མར་མུ་མཐུད་དུ་ཟབ་སྦྱོང་བྱེད་དུ་འཇུག་པའི་ཐབས་ལམ་རྒྱ་ཇེ་ཆེ་དང་ཇེ་བདེར་བཏང་ནས། སློབ་མར་ཟབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་དང་། འཕེལ་རྒྱས་ཀྱི་བར་གསེང་ལྡན་ལ། ཡར་ཐོན་ཡོང་ཐབས་བྱས་ན་རེ་བ་ཡོད་པར་བྱེད་དགོས། དེ་མིན་ད་རུང་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། སྲིད་གཞུང་གིས་ཁྲིད་སྟོན་གཙོ་བོ་བྱེད་པ་དང་། ལས་རིགས་ཀྱིས་མཛུབ་སྟོན་བྱེད་པ། ཁེ་ལས་ཞུགས་པའི་སློབ་གྲྭ་སྒྲུབ་སྟངས་ཤིག་འཛུགས་དགོས། ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་དང་ཁྱད་པར་དུ་བྱས་རྗེས་འབུར་དུ་ཐོན་པ་བཞག་པའི་ནུས་རྩལ་ཅན་གྱི་ཤེས་ལྡན་མི་སྣར་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ལ་སྐུལ་འདེད་བཏང་ནས་ལས་རིགས་སོ་སོར་ཕུལ་བྱུང་ཅན་འབུད་པའི་སྣང་ཚུལ་བཟང་བོ་ཞིག་ཆགས་ཐུབ་པ་བྱེད་དགོས།
གསར་འགོད་པས་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པ་བཅོས་སྒྱུར་བྱེད་དགོས་པའི་རེ་འབོད་འདོན་པ་དེ་རྒྱུན་ཆད་མ་མྱོང་། མི་ལ་ལས་ཐ་ན་མཐོ་རྒྱུགས་ནི་སྤུས་ཚད་སློབ་གསོའི་བཀག་རྡོ་ལྟ་བུ་ཡིན་པས། མེད་པར་གཏོང་དགོས་ཞེས་ཀྱང་བཤད་ཀྱིན་ཡོད། འོ་ན་མཐོ་རྒྱུགས་ལེན་ཐབས་ཅི་ལྟར་བསྒྱུར་ན་བཟང་བའི་སྐོར་སློབ་གསོ་པུའུ་ཡི་པུའུ་ཀྲང་ལ་འདྲི་ཚིག་བཏོན་པ་ན། ཡོན་ཀོས་རིན་གྱིས་ཡང་གཤམ་གསལ་གྱི་ལན་བཏབ་ཡོད། ལོ་ངོ་མང་པོར་འཚོལ་ཞིབ་བྱས་རྗེས། རང་རྒྱལ་གྱི་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་ཡོང་ཡོད། མིག་སྔར། ཚང་མར་ངོས་ཟིན་གསར་བ་ཞིག་ཐོབ་ཡོད་པ་ནི། མཐོ་རྒྱུགས་ལམ་ལུགས་ནི་ལམ་ལུགས་བཟང་ཤོས་ཤིག་མིན་ན་ཐང་མོད། ཡིན་ནའང་ད་ལྟར་མཚོན་ནས་བཤད་ན། དེ་ནི་ཆེས་སྤྱོད་ས་འགྲོ་བའི་ལམ་ལུགས་ཤིག་ཡིན་པ་བཤད་མ་དགོས་པ་རེད། དེར་བརྟེན། ད་སྔ་ལམ་ལུགས་དེ་ད་རུང་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། དེའི་མི་ཚད་མཐོ་རྒྱུགས་དང་སྤུས་ཚད་སློབ་གསོ་གཉིས་ཀྱི་བར་ལ་འགལ་བ་མེད། སྤུས་ཚད་སློབ་གསོ་སྤེལ་ན་རྒྱུགས་ལེན་པ་མཁོ་མི་མཁོ་བའི་གནད་དོན་ཞིག་མིན་པར། རྒྱུགས་ཅི་ཞིག་ལེན་པ་དང་། ཅི་ལྟར་ལེན་པའི་གནད་དོན་ཐག་གཅོད་དགོས་པ་དེར་ཐུག་ཡོད། ང་ཚོས་བཅོས་སྒྱུར་གྱི་ཐབས་ལམ་བརྒྱུད་དེ། རྒྱུགས་ཤོག་གི་ནང་དོན་དང་རྒྱུགས་སྤྲོད་སྟངས་དེ་སྤུས་ཚད་སློབ་གསོ་དང་འོས་མཐུན་སྒོས་ཟུང་དུ་འབྲེལ་ཐབས་འཚོལ་ཞིབ་བྱེད་དགོས།
ད་ལོར་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱུགས་བླངས་ནས་སློབ་མ་བསྡུ་ལེན་བྱེད་པའི་བཅོས་སྒྱུར་འཆར་འགོད་ཞིབ་འཇུག་གཏན་འཁེལ་དང་། བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་མཛུབ་སྟོན་བྱེད་རྒྱུ་རེད། དེ་ནི་གཅིག་ནས་ཐབས་ལམ་མང་པོ་བརྒྱུད་ནས་སློབ་རིམ་འཕར་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། རིགས་མི་གཅིག་པའི་སློབ་སྦྱོང་གྲུབ་འབྲས་ཕན་ཚུན་ཁས་ལེན་དང་འབྲེལ་མཐུད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སློབ་མ་ཁྲི་སྟོང་མང་པོ་མཐོ་རྒྱུགས་ཀྱི་ལམ་གཅིག་པུར་ཞུགས་པའི་གནས་ཚུལ་རིམ་བཞིན་བསྒྱུར་དགོས། གཉིས་ནས་མཐོ་འབྲིང་གི་སྦྱོང་འབྲས་ཆུ་ཚད་ལ་བལྟ་བའི་རྒྱུགས་དང་ཕྱོགས་བསྡུས་བྱང་ཚད་དཔྱད་འཇོག་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་ལེན་བྱེད་པར་གཞི་འཛིན་ས་འདོན་སྦྲོད་བྱེད་དགོས། རིག་གནས་ཡོན་ཚད་མི་གཅིག་པའི་སློབ་མ་རང་འདོད་ལྟར་བསྡུ་ལེན་དང་། ངོ་སྤྲོད་བྱས་ནས་བསྡུ་ལེན། ལས་གནས་གཏན་འཁེལ་བྱས་ནས་བསྡུ་ལེན། དམིགས་བསལ་སྒོས་བསྡུ་ལེན་བྱེད་པ་བཅས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱོད་དགོས། སློབ་ཚན་ལ་ལ་ལོ་གཅིག་གི་ནང་ཐེངས་མང་ལ་རྒྱུགས་སྤྲོད་དུ་འཇུག་ཐབས་སྤྱད་དེ། “རྒྱུགས་ལེན་ཐེངས་ཤིག་གིས་ཚེ་གང་བོ་གཏན་འཁེལ་བྱེད་པའི”ཞན་ཆ་སེལ་དགོས། གསུམ་ནས་རྒྱུགས་ཤོག་གི་ནང་དོན་དང་རྒྱུགས་ལེན་སྟངས་བཅོས་སྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱུགས་ལེན་པའི་རྒྱུགས་ཤོག་གི་ཡིག་མཛོད་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གྲྭ་དཀྱིས་མ་དང་མཐོ་རིམ་ལས་རིགས་སློབ་གྲྭ་གཉིས་སུ་རིགས་བཀར་ནས་རྒྱུགས་སྤྲོད་པ་རིམ་བཞིན་ལག་ལེན་བྱས་ནས། མི་གཅིག་པའི་ཚད་གཞིས་སྣ་མི་གཅིག་པའི་ཤེས་ལྡན་མི་སྣ་འདེམས་གསེས་བྱེད་པ་དང་། མཐོ་རྒྱུགས་དང་སྤུས་ཚད་སློབ་གསོ་ཕན་ཚུན་འབྲེལ་མཐུད་བྱེད་པའི་གནད་དོན་ཐག་གཅོད་དགོས།
དེ་མིན་ད་རུང་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པའི་མི་གྲངས་བགོ་བཤའ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སློབ་རིམ་འཕར་བའི་སྐར་མ་སྣོན་པའི་སྲིད་ཇུས་ཚད་ལྡན་ཅན་དུ་གཏོང་དགོས། རྒྱུགས་བླངས་ནས་སློབ་མ་བསྡུ་ལེན་བྱེད་པའི་འཕྲིན་གསར་ཁྱབ་སྒྲོག་ལམ་ལུགས་དང་ཡིད་ཆེས་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གྲྭར་འགྲོ་བའི་གོ་སྐབས་འདྲ་མཉམ་དང་། འགྲོ་ལུགས་དྲང་བདེན་ཡིན་ཞིང་། གོ་རིམ་མངོན་གསལ་ཡིན་པ་ཞིག་ཡོང་བར་སྐུལ་འདེད་གཏོང་དགོས།
གསར་འགོད་པས་རང་རྒྱལ་ལ་ད་སྔ་དགེ་རྒན་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་ཡོད། དཔུང་ཁག་ཆེན་པོ་དེར་ཅི་ལྟར་དོ་དམ་བཟང་བོ་བྱས་ནས། ཁོ་ཚོ“གཞན་གྱི་སློབ་སྦྱོང་བྱ་ཡུལ་དང་དཔེ་སྟོན་བྱེད་ས”བྱེད་དུ་འཇུག་དགོས་ཞེས་པའི་འདྲི་ཚིག་ལ་རྒྱལ་ཁབ་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀོས་རིན་གྱིས་ཡང་ལན་འདི་ལྟར་བཏབ་ཡོད། ཕྱིན་ཆད་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཚད་གཞི་རྒྱུགས་ལེན་པ་དེ་བཅོས་སྒྱུར་དང་དུས་སྐབས་གཏན་འཁེལ་གྱིས་ཐོ་འགོད་ཚོད་ལྟ་ལག་ལེན་བྱེད་པ་དང་། “རྒྱལ་སྤྱི་དང་ཞིང་ཆེན་གྱིས་རྒྱུགས་ལེན་པ་དང་། རྫོང་གིས་གདན་འདྲེན་བྱེད་པ། སློབ་གྲྭས་བཀོལ་སྤྱོད་བྱེད་པའི”སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་རིགས་ཆོག་མིན་དང་དོ་དམ་ལམ་ལུགས་འཛུགས་རྒྱུ་རེད། དགེ་རྒན་གྱི་ལས་རིགས་ཐད་ཀྱི་ཕུགས་བསམ་དང་ལས་རིགས་ཐད་ཀྱི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དཔྱད་འཇོག་དང་བྱ་དགའ་དང་ཆད་པ་གཅོད་པའི་ལམ་ལུགས་གསར་འཛུགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། དགེ་རྒན་གྱི་བྱ་བའི་སྤྱོད་སྟངས་དང་གཤིས་རྒྱུད་ནི་ཁོ་ཚོའི་བྱ་བའི་ཕན་ནུས་དཔྱད་ཞིབ་དང་། འགན་མིང་དང་བྱ་དགའ་སྟེར་བའི་ནང་དོན་གཙོ་བོར་འཇོག་དགོས།
མུ་མཐུད་དུ་ཞིང་སྡེའི་འོས་འགན་སློབ་གསོ་སྤེལ་བའི་སློབ་གྲྭའི་དགེ་རྒན་ལ་དམིགས་བསལ་གྱི་ལས་གནས་འཛུགས་པའི་འཆར་གཞི་དང་། དགེ་འོས་སློབ་མར་སློབ་ཡོན་མི་ལེན་པའི་སློབ་གསོ་སྤེལ་བའི་ཚོད་ལྟའི་བྱ་བ་ལག་ལེན་བྱས་ནས། ཞིང་སྡེ་རུ་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་དགོས། ཤུགས་ཆེན་པོས་ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས། “སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་རྒྱལ་ཁབ་རིམ་པའི་གསོ་སྐྱོང་སྦྱོང་བརྡར་ཐོབ་པའི་འཆར་གཞི”གཏིང་ཟབ་པའི་སྒོ་ནས་ལག་ལེན་དུ་བསྟར་ཏེ། ཞིང་སྡེའི་དགེ་རྒན་གནད་ཆེ་སར་བཞག་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བྱེ་བ་གཅིག་ལྷག་ལ་ཡོངས་ཁྱབ་ཏུ་གསོ་སྐྱོང་སྦྱོང་བརྡར་བྱེད་དགོས།
ད་ལོ་ད་རུང་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་གི་དར་སྲོལ་ལ་ཤུགས་སྣོན་པ་དང་རིག་གཞུང་ཐད་དྲང་བདེན་མིན་པའི་བྱ་སྤྱོད་དེ་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པའི་འཆར་གཞི་འགོད་རྒྱུ་རེད། ལོ་ཙཱ་བ གཟུངས་སྐྱིད།