ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

དགེ་རྒན་གྱིས་སློབ་ཁྲིན་བྱེད་བཞིན་པའི་ཚུལ་རེད།
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་ན་ནིང་དབྱར་གནང་སྐབས་སུ་བསྒྲུབས་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭར་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས། དགེ་སློབ་དང་བོད་ཡིག་ལ་དུང་ཞེན་ཡོད་མཁན་ཚོའི་དགའ་བསུ་ཐོབ་པ་མ་ཟད། སྤྱི་ཚོགས་ཐོག་ཚུར་སྣང་ཅུང་ཆེན་པོ་ཐོབ་པས། ད་ལོའི་ཟླ1པོའི་ཚེས10ཉིན་ནས་བཟུང་། དཔའ་རིས་རྫོང་གིས་ཡང་བསྐྱར་སློབ་ཡོན་སྤྲོད་མི་དགོས་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས། རྒྱུན་སྤྱོད་སྐད་ཆ་དང་རྨང་གཞིའི་ཀློག་སྦྱོར། དཔའ་རིས་ཀྱི་དམངས་གླུ་དང་དཔའ་རིས་ཀྱི་དམངས་སྲོལ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་བྱས། གསོ་སྦྱོང་གི་རྣམ་པའི་ཐད་ནས་དམའ་རིམ་དང་འབྲིང་རིམ་འཛིན་གྲྭ་གཉིས་སུ་དབྱེ་ཡོད་ལ། གསོ་སྦྱོང་ལ་ཞུགས་མཁན་མང་ཆེ་བ་ནི་སློབ་ཆེན་གྱི་སློབ་མ་དང་ཉེན་རྟོག་དམག་མི། ས་གནས་དེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བཅས་ཡིན་ཞིང་། ལོ་ན་ཆུང་ཤས་ནི་ལོ7ཡིན།

སློབ་ཁྲིད་ལ་ཞུགས་པའི་སློབ་མ་དག
རྒྱུས་ལོན་ལྟར་ན། གསོ་སྦྱོང་དུ་ཞུགས་མཁན་སློབ་གྲྭ་ཆེན་མོ་ཚོས་ཆེད་གཉེར་གཞན་དག་སློབ་པའི་སྐབས་སུ། ཕ་སྐད་སློབ་པའི་གལ་ཆེ་ཚུལ་དང་ངེས་མཁོ་ཆེ་ཚུལ་ལ་ངོས་ཟིན་ཐོབ་རྗེས་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད། གསོ་སྦྱོང་ལ་ཞུགས་པའི་དམིགས་ཡུལ་ནི་དཔའ་རིས་ཀྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་དང་རྒྱུན་སྤྱོད་སྐད་ཆར་བྱང་ཆ་ཡོད་པ་བཅས་ཡིན། ཡོངས་ཁྱབ་ཀྱི་འདོད་པ་ལྟར། འདི་འདྲའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་ན་ལེགས་ཕྱོགས་མི་དམན་པར་སྣང་བས། ངེས་པར་དུ་ཐེངས་མང་པོ་སྒྲུབ་འོས་སྙམ་གྱི་ཡོད་པ་རེད།
