《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བསྒྲིགས》རྒྱ་འགྱུར་མ་པར་འགྲེམས་བྱེད་གྲབས་ཡོད།
རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག
ལུང་ཏུང་གིས་གསར་དུ་བསྒྱུར་བའི་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བསྒྲིགས》པར་འགྲེམས་བྱས་ནས་ཚོང་རར་འགྲེམ་རྩིས་ཡོད། རྒྱ་འགྱུར་མའི་དེབ་དེའི་ནང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་༡༢༤ཡོད་ཅིང་། སང་ལོའི་ཟླ་དང་པོ་དང་གཉིས་པའི་ནང་ཀློག་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་དང་། པེ་ཅིང་གི་ཟླ་བཅུ་བའི་རིག་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད། སྒྱུར་མཁན་ལུང་ཏུང་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ཐེངས་ཀྱི་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བསྒྲིགས》དེ་སྔོན་གྱི་རྒྱ་འགྱུར་མ་རྙིང་བ་དང་བསྡུར་ན་མི་འདྲ་བའི་ཆ་མང་པོ་ཡོད། བོད་ཡིག་གི་ཐོག་མའི་མ་ཡིག་དང་ཇི་མ་ཇི་བཞིན་དུ་བསྟུན་ཞིང་། མཐའ་ན་མ་ཡིག་གི་ཚིག་ཕྲད་ཇི་ལྟ་བ་དེ་ལྟ་རུ་བསྒྱུར་ཡོད། ཅེས་བཤད་བྱུང་།
ལུང་ཏུང་གི་བསམ་པར། རྒྱ་འགྱུར་མ་གསར་བ་འདིའི་མི་འདྲ་ས་ནི་སྔོན་ཆད་མི་རྣམས་ཀྱི་བསམ་པའི་ནང་དུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ཕོ་མོའི་བརྩེ་ཞེན་གྱི་སྙན་ངག་ཙམ་ཞིག་ཡིན་པར་འཛིན་པའི་བསམ་ཚུལ་ཡལ་བར་འདོར་བ་དང་། ཐད་ཀར་དུ་མགུར་གླུ་ཞེས་པའི་དེབ་མིང་མཚོན་པ་ལས་སྔར་གྱི་ཕོ་མོའི་བརྩེ་གླུ་ཙམ་མཚོན་པ་མ་ཡིན། ཁོང་གི་མགུར་གླུ་ནི་ང་ཚོ་གང་ཟག་ཕལ་བ་རྣམས་ཀྱི་མིག་ནང་གི་ཕོ་མོའི་བརྩེ་དུང་མ་ཡིན་པར་དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་དེའི་སྤྱི་ཚོགས་དང་ཆབ་སྲིད་རྒྱབ་ལྗོངས་སུ་བྱས་པའི་རང་སྒེར་གྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བརྩམས་ཆོས་ཤིག་ཡིན་པར་འདོད་དོ། །
བོད་རིག་པ་བ་སྐུ་ཞབས་ཁྲེན་ཆིང་དབྱིང་གིས་དེབ་དེའི་གླེང་གཞིའི་ནང་དུ་ལུང་ཏུང་གིས་བསྒྱུར་བའི་རྒྱལ་དབང་སྐུ་ཕྲེང་དྲུག་པའི་མགུར་གླུ་གསར་བ་དང་མཆན་འགྲེལ་རྒྱས་བཤད་གནང་བ་བཀླགས་རྗེས་ཡིད་ལ་བཅོས་མིན་གྱི་དགའ་སྤྲོ་ཚད་མེད་ཅིག་སྐྱེས་བྱུང་ཞེས་བཀོད་ཡོད། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་ཀྱང་། སྐུ་ཞབས་ལུང་ཏུང་ལགས་ཀྱིས་རྣམ་དཔྱོད་ཀྱི་བློ་གྲོས་ལ་བསྟུན་ནས་ལོག་ཤེས་གསལ་འབྱིན་དང་ཡང་དག་པའི་ལྟ་བའི་ལམ་ནས་ཡང་བསྐྱར་རྒྱ་ཡིག་ཏུ་བསྒྱུར་བ་མ་ཟད། རྒྱས་འགྲེལ་ཞིབ་མཆན་བཏབ་སྟེ་ལོ་རྒྱུས་ངོ་མ་ལྟར་བྲིས་པར་ཐུགས་རྗེ་ཆེ་ཞུས་པ་རེད།