མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས་ཟི་ལིང་ནས་བསྡུས།
འགྲན་ཚོགས་ར་བ།
མགོ་ལོག་ཁུལ་གངས་ལྗོངས་རིག་གནས་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས་ཚེས་༡༨ཉིན་གནམ་མཁར་ཟི་ལིང་ནས་བསྡུས།
འགྲན་ཚོགས་ར་བ།
མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་ལྷོ་ཁུལ། ཞུན་ཧྭ་རྫོང་། མགོ་ལོག་ཁུལ་སོགས་སློབ་གྲྭ་དང་། རྫོང་ཁུལ་རིམ་པའི་འཐུས་མིའི་ཚོགས་ཁག་འགྲན་བསྡུར་ལ་ཞུགས།
མགོ་ལོག་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭའི་འགོ་གཙོ་འཇིགས་མེད་རྒྱལ་མཚན་སོགས་འགྲན་ཚོགས་སྟེང་ཕེབས་པ་དང་། གླུ་མ་རིག་འཛིན་སྒྲོལ་མ་དང་། མཐོ་སྒང་བུ་མོ་སྤུན་གསུམ་ནང་གི་གླུ་མ་གསེར་མཚོ། གླུ་བ་ཤེར་བསྟན་སོགས་ཀྱིས་འགྲན་ཚོགས་སྟེང་སྙན་མོ་ངག་གི་དབྱངས་རྟ་ལས་འགྲན་ཞུགས་མི་སྣར་རྒྱབ་སྐྱོར་མཛད།
མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་སངས་རྒྱས་དང་། སྦྲང་ཆར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཟླ་བ་བློ་གྲོས། མགོ་ལོག་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་དང་བོད་ཁུལ་གྱི་སྙན་ངག་པ་འཇུ་སྐལ་བཟང་སོགས་ཀྱིས་དཔྱད་གཏམ་པའི་འགན་བཞེས།
འགྲན་ཚོགས་སྟེང་བྱ་དགའ་གནང་བཞིན་པ།
ཐེངས་འདིའི་འགྲན་ཚོགས་ལ་པར་རིས་ལ་བལྟས་ནས་ཐ་སྙད་བཤད་པ་དང་། མཁས་པའི་གསུང་ཚིག བཀྲ་ཤིས་རྟགས་བརྒྱད་འདེམས་པ། མ་ཎི་འཁོར་བ། འགུལ་སྟངས་ལ་བལྟས་ནས་ཐ་སྙད་བཤད་པ་སོགས་ཀྱི་རྣམ་པ་ཅི་རིགས་བརྒྱུད་ནས་ཐ་སྙད་གསར་བ་བོད་ཡིག་ལ་བསྒྱུར་བ་ཡིན། བློ་རིག་གི་འཁྱུག་རྩལ་འགྲན་ནས་མཐར་མགོ་ལོག་ཁུལ་གྱི་འཐུས་མི་ཚོགས་ཁག་གིས་ཐེངས་འདིའི་འགྲན་ཚོགས་ཁྲོད་ཨང་དང་པོ་བླངས་པ་དང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་འཐུས་མི་ཚོགས་པས་ཨང་གཉིས་པ་དང་། མཚོ་ལྷོ་ཁུལ་འཐུས་མི་ཚོགས་པས་ཨང་གསུམ་པ། ཞུན་ཧྭ་རྫོང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱི་འཐུས་མི་ཚོགས་པས་ཕུལ་བྱུང་བྱ་དགའ་བཅས་བླངས།