༄༅།། ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་གསུམ་པཞེས་པ་པར་དུ་བཏབ་ཅིང་བཀྲམ་པ།
ཉེ་ལམ། རྩོམ་པ་པོ་སྐད་གྲགས་ཅན་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་གནང་མཛད་ཅིང་སྐྱེ་ཁམས་ཁོར་ཡུག་བརྗོད་གཞིར་བཟུང་བའི་བརྩམས་སྒྲུང་རིང་མོ《རླུང་དམར་འུར་འུར》ཞེས་པ་པར་དུ་བཏབ་སྟེ་བཀྲམ་འདུག བརྩམས་སྒྲུང་དེའི་ཁག་མང་པོ་ཞིག་དེ་སྔ《མཚོ་སྔོན་བོད་ཡིག་གསར་འགྱུར》དུ་མུ་འགོད་བྱས་ཟིན་པ་དང་ཀློག་མཁན་མང་པོའི་དགའ་བསུ་ཆེས་ཆེར་ཐོབ།
གསར་འགོད་པས་རྒྱུས་ལོན་བྱས་ལྟར་ན། བརྩམས་སྒྲུང་དེར་ཡིག་གྲངས་འབུམ་གཉིས་དང་ཁྲི་བཞི་ལོངས་པ་དང་། དེ་སྔ་སོ་སོར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་རྒྱུ་བྱས་ཀྱང་ཀློག་མཁན་མང་པོས་མྱུར་བར་ཀློག་རྒྱུའི་རེ་བ་ཡང་ཡང་བཏོན་པར་བརྟེན་ཐེངས་འདིར་མགྱོགས་པོར་པར་བ་ཞིག་རེད།
ཚེ་རིང་དོན་གྲུབ་ལགས་ནི་ལོ་རབས་བརྒྱད་ཅུ་བ་ནས་གསར་རྩོམ་གྱི་ལས་ལ་ཞུགས་པའི་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན་ལ་དེ་སྔ《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང་།《ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》བརྩམས་སྒྲུང་རིང་མོ《མེས་པོ》དང《སྨུག་པ》 བཅས་པར་སྐྲུན་བྱས་ཟིན་ཅིང་ཐེངས་འདིར་པར་དུ་བཏབ་པའི《རླུང་དམར་འུར་འུར》ནི་ཁོང་གིས་བརྩམས་གནང་མཛད་པའི་སྒྲུང་རིང་གསུམ་པ་རེད། དེ་བཞིན་ཁོང་གིས་ད་དུང་ཡང་རིག་གནས་རུལ་སུངས་ཀྱི་སྐོར་བརྗོད་བྱར་བྱས་པའི་སྒྲུང་རིང་གཅིག་དང་། དེ་མིན་གྱི་སྒྲུང་རིང་གཅིག་བློས་བསླངས་བྱས་ཏེ་གསར་རྩོམ་བྱེད་བཞིན་པའི་སྒང་ཡིན་ཚུལ་ཡང་གསར་འགོད་པར་འགྲེལ་བརྗོད་གནང་སོང་།