༄༅།། བདེ་ཆེན་མི་རིགས་གླུ་གར་ཚོགས་པ་སུ་ཙེར་རྒྱལ་ཁབ་ཏུ་འཁྲབ་སྟོན་ལ་ཕྱིན་པ།
ཉེ་ལམ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་མི་བཅུ་གཉིས་སུ་ཙེར་རྒྱལ་ཁབ་ཀྱི་སུའུ་ལིས་ཧྲི་མཚོ་འགྲམ་གྱི་གྲོང་བརྡལ་ཆུང་བ་ཞིག་ཏུ་འཁྲབ་སྟོན་ལ་ཕྱིན་ནས་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཆེན་པོ་ཐོབ། རྩྭ་ཐང་གི་ཕྱུགས་རྫི་ཆུང་བ་ལྷ་ལུང་ཤེས་རབ་ཀྱིས་གནས་མཆོག་ལྷ་ས་དང་ཤམ་བྷ་ལའི་རི་གླུ་ཞེས་པ་གཉིས་བླངས་རྗེས་ཁོའི་དྭངས་གསལ་སྙན་འཇེབས་ཀྱི་གླུ་སྐད་ཕྲ་མོས་དེར་འཛོམས་ཀྱི་ཕྱི་གླིང་བ་ལྟ་མཁན་རྣམ་པའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་དང་། སྒྲོལ་མ་ལྷ་མཚོ་ནི་གླུ་གར་ཚོགས་པ་དེའི་ཁྱད་ཆོས་ལྡན་པའི་ཆེད་ལས་གླུ་མ་ཞིག་ཡིན་པས་ཁོ་མོའི་བླངས་པའི་འབའ་གཞས་དང་ཆང་གཞས་གཉིས་ཀྱི་སྙན་མོ་གླུ་ཡི་འགྱུར་ཁུགས་ལས་ལྟ་མཁན་རྣམས་ལ་རང་ཉིད་དངོས་སུ་ཡུན་རིང་རེ་སྒུག་གི་ཤམ་བྷ་ལར་འབྱོར་སོང་པའི་སྣང་བ་ཞིག་བཅོས་མིན་དུ་བྱིན། དེ་བཞིན་དུ་གཞས་པ་བཀྲ་ཤིས་དང་ཀླུ་ལུང་ནོར་བུ་གཉིས་ཀྱིས་སོ་སོར་བླངས་པའི་བཀྲ་ཤིས་ཁ་བཏགས་ཁྱེད་ལ་འབུལ་ཞེས་པ་དང་རྨི་ལམ་ནང་གི་ཁྱིམ་གཞིས། བརྩེ་ལྡན་གྱི་ཨ་མ། མཚོ་བོད་མཐོ་སྒང་ཞེས་པ་སོགས་ལ་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་ལག་ཟུང་ཐལ་མོ་ལྷང་ལྷང་དུ་བརྡབས་པ་རེད།
འཁྲབ་སྟོན་པ་རྣམས་ཀྱིས་བོད་མི་རིགས་རང་གི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
སྒྲོལ་མ་ལྷ་མཚོས་ཆང་གཞས་ཞེས་པའི་གཞས་གཏོང་བཞིན་པ།
