logo

༄༅།། «མང་ཚོགས་སྒྱུ་རྩལ་»ལེགས་རྩོམ་དཔེ་ཚོགས་གཞི་རིམ་དུ་བསྐྱལ་བ།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-01-26 ཀློག་གྲངས།:


གཞི་རིམ་མང་ཚོགས་ཀྱིས་དགའ་སྤྲོའི་ངང་དཔེ་ཆ་ལེན་བཞིན་པ།

གསར་འགོད་པས་རིག་སྨོན་གྲོང་བརྡལ་ཕ་ཡག་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཕ་ཡག་རབ་བརྟན་ལ་བཅར་འདྲི་བྱེད་བཞིན་པ།

    ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་བཀོད་སྒྲིག་ལྟར།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲིག་ཞན་ཨན་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས་གཞི་རིམ་དུ་བསྐྱལ་བའི་ཚན་ཆུང་དེ་ཚེས་དགུ་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་།ཐེངས་འདིར་དཔེ་སྦྱིན་བྱེད་སའི་ཡུལ་གཙོ་བོ་སྟེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་རིག་གནས་ཁང་དུ་ཐོན།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲིག་ཞན་ཨན་གྱིས་རིག་གནས་ཁང་དུ་ཡོད་པའི་མི་སྣ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད་དངོས་སུ་དཔེ་ཆ་བྱིན་པ་དང་།ད་དུང་ཁོ་ཚོའི་རིག་གནས་ཆུ་ཚད་དང་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས།སྐབས་དེར་རིག་སྨོན་གྲོང་བརྡལ་རིག་གནས་ཁང་གི་འབྲེལ་ཡོད་མི་སྣ་དང་དེར་འདུས་ཡོད་པའི་སྡེ་བ་རེ་འགའི་མང་ཚོགས་ཀྱིས་དཔེ་ཆ་བླངས་རྗེས་འཚང་ཁ་ཤིག་ཤིག་གིས་བཤད་རྒྱུར།སྤྱིར་ང་ཚོའི་རིག་གནས་ཁང་ན་དཔེ་ཆའི་གྲངས་འབོར་ཅུང་མང་པོ་ཡོད་ལ།དེའི་ཁྲོད་དུ་བོད་ཡིག་གི་དཔེ་ཆ་རེ་འགའ་ཡང་ཡོད་མོད།འདི་ལྟ་བུའི་བོད་ཡིག་གི་སྣ་འཛོམས་དཔེ་ཚོགས་ཤིག་ལག་ཏུ་ཡོང་རྒྱུ་ནི་ལས་སླ་མོ་ཞིག་མ་རེད།ལྷག་པར་དུ་ང་ཚོ་བོད་ཡིག་གི་ཆུ་ཚད་ཅུང་ཞན་པའི་མང་ཚོགས་རྣམས་ལ་མཚོན་ན་མང་ཚོགས་སྒྱུ་རྩལ་ནི་བོད་ཁམས་ཀྱི་དུས་དེབ་མང་པོའི་ཁྲོད་དུ་ཆེས་དགའ་བསུ་བྱེད་བཞིན་པའི་དུས་དེབ་གཅིག་པུ་ཡིན།། རྒྱུ་མཚན་ནི་དུས་དེབ་འདིའི་ནང་དོན་གྱི་ཆ་ནས་བོད་ཁམས་ཀྱི་དུས་དེབ་གཞན་དག་དང་མི་འདྲ་བར་དམངས་གླུ་དང་གབ་ཚིག བཤད་པ་སོགས་ང་ཚོས་གོ་སླ་བའི་བོད་རང་གི་དམངས་ཁྲོད་རྩོམ་རིག་གིས་ཡོངས་སུ་ཕྱུག་ཡོད་ཅེས་དགའ་སྤྲོའི་ངང་བཤད་བྱུང་།དེ་ནས་དུས་ཚོད་གཉིས་ལྷག་གི་ལམ་ཐག་བརྒྱུད་རྗེས་མང་ཚོགས་སྒྱུ་རྩལ་གཞི་རིམ་དུ་བསྐྱལ་བའི་ཚན་ཆུང་དེ་ཆབ་ཆ་གྲོང་བརྡལ་རྒྱ་ར་སྡེ་བའི་ཕྱོགས་བསྡུས་བྱ་འགུལ་ཁང་དུ་ཐོན་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲིག་ཞན་ཨན་གྱིས་བྱ་འགུལ་ཁང་དེའི་དོ་དམ་མི་སྣར་དཔེ་ཆ་བྱིན་པ་དང་།ཁོས་བྱ་འགུལ་ཁང་དུ་འཛོམས་ཡོད་པའི་མང་ཚོགས་རྣམས་ལ་ཁྱོད་ཚོར་ཁོམ་པ་ཡོད་དུས་རྒྱུན་དུ་བྱ་འགུལ་ཁང་དུ་ཡོང་ནས་བོད་མི་རིགས་རང་གི་རྩོམ་པ་པོས་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་དཔེ་ཆ་འདི་དག་ལ་བལྟས་ན། ད་གཟོད་བོད་མི་རིགས་རང་གི་རིག་གནས་ལ་སྔར་ལས་དུང་བ་ཇེ་ཟབ་དུ་འགྲོ་ལ་རང་གི་འཚོ་བ་ཡང་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་མ་ཟད། ཏང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུའི་རིང་གི་མཚོ་སྔོན་བོད་ཁུལ་གྱི་རིག་གནས་གསར་བའི་འཕེལ་རྒྱས་ཀྱི་མཐོ་རླབས་ཀྱང་གསལ་བོར་མཐོང་ཐུབ་ཅེས་སེམས་ཞིབ་མོས་ཁ་བརྡ་བྱས།


འབྲེལ་ཡོད་འོས་སྦྱོར།