logo

༄༅།།འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་རུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-17 ཀློག་གྲངས།:
རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་སློབ་གྲྭའི་རྒྱལ་སྲུང་བདེ་འཇགས་དང་། འགན་འཁྲི། དོགས་ཟོན་བཅས་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་ཆེད། ཟླ4བའི་ཚེས15ཉིན་འབའ་རྫོང་རྨ་བྱང་ཁྲིམས་འཛིན་ཁང་གིས་ཞང་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ཏེ་འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་རུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ360ལྷག་ཐེངས་འདིའི་བྱེད་སྒོའི་ཁྲོད་ཞུགས།  
ཁྲིམས་སྒྲོག་མི་སྣས་སློབ་གྲྭ་དེ་གནས་ཚུལ་དངོས་ལ་དམིགས་ནས།  གཙོ་བོར《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་།  ཡུལ་དངོས་ནས་སློབ་མའི་བཏོན་པའི་དྲི་གཞི་ལ་ལན་བཏབ།  སློབ་གྲྭའི་དགེ་སློབ་ཚོས་ཀྱང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ནང་དོན་ནན་གྱིས་ཉན་ཞིང་གོ་བ་ཟབ་མོ་བླངས་པ་རེད།  དེ་མིན་སློབ་གྲྭ་དེའི་དགེ་སློབ་རྣམས་ལ་དྲིལ་བསྒྲགས་ཤོག་བྱང་དང་ལག་དེབ་340ལྷག་བྱིན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ་མ་ཟད།  རྒྱ་ཆེའི་དགེ་སློབ་ཡོངས་ལ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་དང་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།  
ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་སློབ་གྲྭའི་དགེ་སློབ་ཚོས《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“རྒྱལ་ཁབ་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་སྔར་བས་མི་སེམས་སུ་ཟུག་ཡོད་ལ།  ཁྱོན་ཡོངས་ནས་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་རྗེས་ཕྱོགས་བྱ་བ་དང་འཚོ་བའི་ཁྲོད་གསང་སྲུང་འདུ་ཤེས་དང་དྲ་སྦྲེལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། དུས་རྒྱུན་གྱི་སློབ་ཁྲིད་ནང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱའི་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་བར་རང་ཉིད་ཀྱིས་ཀྱང་སྟོབས་ཤུགས་འབུལ་དགོས་པའི་ཆོད་སེམས་བསྟན་པ་རེད། 
གསར་འགོད་པ།  ཚེ་རིང་འབུམ། 
འབྲེལ་ཡོད་འོས་སྦྱོར།