༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐར་ཕྱིན་སློབ་མས་དཔེ་སྦྱིན་ཀྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། དུས་ཚོད།:2020-06-30 ཀློག་གྲངས།:
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐར་ཕྱིན་སློབ་མས་དཔེ་སྦྱིན་ཀྱི་བྱ་འགུལ་སྤེལ་བ།
སྤྱི་ལོ2020ལོའི་ཟླ6པའི་ཚེས27ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་གསུམ་མཐར་ཕྱིན་སློབ་མས་རང་གིས་སྤྱད་ཟིན་པའི་དཔེ་དེབ་སྣ་ཚོགས་འཛིན་གྲྭ་འོག་མར་གནང་སྦྱིན་བྱེད་པའི་བྱ་འགུལ་སྤེལ། 
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐར་ཕྱིན་སློབ་མས་དཔེ་སྦྱིན་ཀྱི་བྱ་འགུལ་སྤེལ་བ།
གཟའ་སྤེན་པའི་ཉིན་རྨ་ཡུལ་ཁྲི་ཀའི་ནམ་མཁའ་གཡའ་དག་ཅིང་ཉི་འོད་ལམ་ལམ་འཕྲོ། ཉིན་གུང་གི་དུས་གནམ་གཤིས་ཅུང་ཚ་གདུག་ཆེ་ཞིང་ཏུའུ་གྲངས26ཏུ་སླེབས་འདུག དེ་ལྟ་ནའང་མཐོ་གསུམ་གྱི་མཐར་ཕྱིན་སློབ་མས་རང་གིས་བཀོལ་ཟིན་པའི་དཔེ་དེབ་མང་པོ་མཐོ་གཉིས་མཐོ་གཅིག་གི་མིང་སྲིང་སློབ་གྲོགས་ཚོར་གནང་སྦྱིན་བྱེད་པའི་བྱམས་པ་དང་དགའ་བ་ནི་སུ་ཞིག་གིས་ཁོགས། མཐོ་གསུམ་གྱི་ཁང་བརྩེགས་ཆེན་མོ་ཐོས་བརྩོན་བསམ་གཞིག་གླིང་གི་ཉེ་འགྲམ་གྱི་ལྗང་ལོ་སྟུག་པོ་བཀོད་པའི་བགྲོད་ལམ་གྱི་གྲིབ་བསིལ་འོག་ཏུ། ཅོག་ཙེ་མང་པོ་ཕྱོགས་གཉིས་སུ་མཉམ་དུ་གཤིབ་ནས་དྲང་མོར་བསྒྲིགས་ཡོད་ལ། དེའི་སྟེང་དུ་གླང་ཆེན་གྱི་རྒྱབ་ཁལ་ལོངས་པའི་དཔེ་དེབ་སྣ་ཚོགས་བརྩིགས་དང་རྩིག་བཞིན་མཆིས། ཅོག་ཙེར་མ་ཤོང་བའི་དཔེ་ཆ་མང་པོ་ཞིག་ཐང་གི་རྡོ་གཅལ་གྱི་སྟེང་དུ་བཤམས་ཏེ། དཔེ་སྦྱིན་གྱི་བྱ་འགུལ་ལ་སྟ་གོན་གང་ལེགས་བྱེད་བཞིན་འདུག
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐར་ཕྱིན་སློབ་མས་དཔེ་སྦྱིན་ཀྱི་བྱ་འགུལ་སྤེལ་བ།
མཐོ་གཉིས་དང་མཐོ་གཅིག་གི་སློབ་མ་རྣམས་ཕྱོགས་གཉིས་སུ་གྲལ་བསྒྲིགས་ནས་འདུག་ཅིང་། ཉིན་གུང་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་སློབ་གཙོ་གཞོན་པ་སྟོབས་ལྡན་གྱིས་དཔེ་སྦྱིན་གྱི་བྱ་འགུལ་དངོས་སུ་མགོ་རྩོམ་པའི་ཆོག་མཆན་གནང་བའི་སྐད་ཅིག་ཉིད་ལ། སློབ་གྲོགས་ཚོ་ནི་དྲི་ཞིམ་འཐུལ་བའི་པདྨའི་ཚལ་དུ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བ་ལྟར་སྤྲོ་དགའི་ངང་ནས་དཔེ་དེབ་ཕྱོགས་སུ་རྒྱུག་ཅིང་། འཚང་ཀ་ཤིག་ཤིག་གིས་རང་ཉིད་ལ་མཁོ་བའི་དཔེ་དེབ་དག་འབད་པས་འཚོལ། ལ་ལས་བསལ་ཟིན་པའི་དེབ་མང་པོ་ཉེ་འགྲམ་དུ་བརྩིགས་ནས་ད་དུང་ཡིད་མ་ཚིམ་པར་ལྟ་བཞིན་མཆིས་ལ། ལ་ལས་དཔེ་དེབ་མཆན་གང་རེ་བཙིར་ཏེ་འཛུམ་དམུལ་དང་བཅས་ལོག་འགྲོ  ཡང་ལ་ལ་ནི་དེབ་གཅིག་ཕར་སློག་ཚུར་སློག་བྱེད་བཞིན་ཡུན་རིང་དུ་ལུས། ལ་ལ་ནི……
ལོ་རེ་རེར་མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་གིས་མཚོན་པའི་སློབ་བུ་བགྲང་གིས་མི་ལང་བ་ཞིག་མཐར་ཕྱིན་གྱིན་ཡོད་ལ། དེ་དག་ཕལ་མོ་ཆེས་ནི་མཐར་ཕྱིར་ཁར་རང་གིས་སྤྱད་ཟིན་པའི་དཔེ་ཆ་དག་སློབ་ཁང་ངམ་ཉལ་ཁང་གང་རུང་དུ་འདོར་བར་བྱེད་ཅིང་། མཐར་དཔེ་དེབ་དེ་དག་གད་སྙིགས་སུ་བརྩིས་ནས་ཕྱི་ལ་འཚོང་བཞིན་ཡོད། ཇི་སྐད་དུ། དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན་ཞེས་པའི་ལེགས་བཤད་ཀྱི་ངོས་ནས་མནོ་བསམ་རེ་བཏང་ན། སློབ་གྲྭས་ལོ་རེར་བཞིན་སྤེལ་གྱིན་པའི་མཐར་ཕྱིན་སློབ་མའི་དཔེ་སྦྱིན་གྱི་བྱ་འགུལ་འདི་ལ། ཤེས་རིག་ལ་བརྩི་བཀུར་དང་དགའ་ཞེན་བྱེད་པའི་འདུ་ཤེས་བསྐྱེད་སྲིང་བྱེད་པ་དང་ཐོན་ཁོངས་ལ་གྲོན་ཆུང་བྱེད་པ་དང་། སློབ་སྦྱོང་ལ་སྐུལ་ལྕག་གཏོང་བ་སོགས་ཕྱོགས་གང་ནས་བསམས་ཀྱང་ཀུན་ལ་དཔེ་སྟོན་རུང་བའི་ཤིན་ཏུ་དགེ་མཚན་ལྡན་པའི་དཔེ་སྲོལ་བཟང་པོ་ཞིག་ཏུ་ཅིས་ཀྱང་འཁུམས་སོ། །
                                 དཔེ་དེབ་བཟང་པོ་འོད་ཀྱི་ཕུང་བོ་འདྲ། །
                                 དཔེ་ཀློག་བྱས་ན་མ་རིག་མུན་པ་སེལ། །
                                 དཔེ་ཆ་སྐྱེས་སུ་སྦྱིན་པའི་སྤྱོད་བཟང་འདི། །
                                 དཔེ་སྟོན་རུང་བའི་དཔེ་སྲོལ་དཔེ་མེད་ཉིད། །
ཅེས2020ལོའི་ཟླ6པའི་ཚེས27ཉིན་བྱ་གཞུང་གནམ་ལྷ་འབུམ་གྱིས།
འབྲེལ་ཡོད་འོས་སྦྱོར།