logo

༄༅།།མཚོ་ལྷོ་ཁུལ་ཡོངས་ཀྱི་གཞི་རིམ་རྐང་འཛིན་ལོ་ཙཱ་བ་གསོ་སྦྱོང་སྤེལ་མགོ་བརྩམས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-13 ཀློག་གྲངས།:
མཚོ་ལྷོ་ཁུལ་ཡོངས་ཀྱི་གཞི་རིམ་མི་རིགས་སྐད་ཡིག་ལོ་ཙཱ་བའི་ལས་རིགས་སྤུས་ཚད་དང་གཞུང་ལུགས་ཆུ་ཚད་མཐོར་འདེགས་སུ་གཏོང་བར། སྤྱི་ཟླ7པའི13ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་ཡོངས་ཀྱི་གཞི་རིམ་རྐང་འཛིན་ལོ་ཙཱ་བ་གསོ་སྦྱོང་སྤེལ་མགོ་བརྩམས་ཤིང་། ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་།  ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག  དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད་ལ། ཐེངས་འདིའི་སློབ་སྦྱོང་གི་སྤུས་ཚད་ཁག་ཐེག་བྱེད་པར། ཆེད་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་དང་ཤ་བོ་གཅོད་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གཙོ་དབང་ཆེན་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་རྒྱལ་དང་བཀྲ་ཤིས་དོན་འགྲུབ་སོགས་གདན་འདྲེན་ཞུས་ཏེ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཐད་ནས་སློབ་ཁྲིད་གནང་དང་གནང་རྒྱུ་རེད།
ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཤ་བོ་གཅོད་པས་སློབ་ཁྲིད་བྱེད་བཞིན་པ།
ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཤ་བོ་གཅོད་པས་ཀྲུང་གོའི་ལོ་ཙཱའི་གཞུང་ལུགས་འཕེལ་རྒྱས་ཞེས་པ་བརྗོད་གཞི་བྱས་ཏེ་ལོ་ཙཱའི་གོ་དོན་དང་། ནུབ་ཕྱོགས་ལོ་ཙཱ་དང་ལོ་ཙཱའི་གཞུང་ལུགས། ཀྲུང་གོའི་ལོ་ཙཱ། ཀྲུང་གོའི་ལོ་ཙཱའི་གཞུང་ལུགས། ལོ་ཙཱའི་གཞི་རྩའི་རྩ་དོན་སོགས་ཀྱི་ཐད་ནས་འཆད་ཁྲིད་དཔྱིས་ཕྱིན་པ་གནང་།
དགེ་རྒན་ཤ་བོ་གཅོད་པ། ཕ་ཡུལ་གཙན་ཚ་རྫོང་གི་ཡིན། 2016ལོར་ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་རིག་པའི་ཆེད་ལས་སྦྱངས་ནས་མཐར་ཕྱིན་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པའི་སློབ་དཔྱོད་ཁང་གི་དགེ་རྒན་ཆེན་མོ་གཞོན་པའི་འགན་བཞེས་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་གསར་གཏོད་འཇོན་མི་འཆར་གཞིའི་རྩེར་སོན་འཇོན་ཐང་མི་སྣ་དང་མཐོ་སྒང་སྔོན་ཐོན་དགེ་རྒན་དཔུང་སྡེའི་དགེ་རྒན་སོགས་ཀྱི་མཚན་སྙན་ཐོབ་པ་དང་། སྔ་རྗེས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི4ལ་ཞུགས་པ་དང་དཔྱད་རྩོམ20ལྷག་ཙམ་སྤེལ།
ཚེས13ཉིན་གྱི་ཕྱི་དྲོར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་གྱིས་ལོ་ཙཱ་དང་ཚད་གཞི་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་གནང་རྒྱུ་རེད།
རྩེ་གཞུང་སྐལ་བཟང་འབུམ། ཕ་ཡུལ་ནི་རྨ་ལྷོ་རྩེ་ཁོག་གི་ཡིན། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། 1993ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་སློབ་མཐར་ཕྱིན་རྗེས་ད་གར་དགེ་རྒན་གྱི་བྱ་བ་གཉེར། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མཐར་ཕྱིན་ཏེ་རབ་འབྱམས་པའི་བསླབས་གནས་ཐོབ། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་མཐུན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་རིག་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཆེད་མཁས་ཨུ་ཡོན་བཅས་ཀྱི་འགན་ཁུར་ཡོད། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། མཐོ་རིམ་སློབ་ཆེན་རིམ་པ། རྒྱལ་སྤྱིའི་རྩ་འཛུགས་རིམ་པའི་ཞིབ་འཇུག་ལས་གཞི6ལ་ལས་ཞུགས་འགོ་འཛིན་བྱས་ཤིང་། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་དང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ20ལ་ཞུགས། ད་སྔར་པར་སྐྲུན་བརྩམས་ཆོས6དང་རིག་གཞུང་དཔྱད་རྩོམ20ལྷག་སྤེལ། སྔ་གཞུག་ཏུ་མཐོ་རིམ་པ་སློབ་གསོའི་དཔེ་ཁྲིད་གྲུབ་འབྲས་ཨང་དང་པོ1དང་། ཞིང་ཆེན་རིམ་པའི་མི་རིགས་སྐད་ཡིག་དང་ལོ་ཙཱའི་དཔྱད་རྩོམ་ཨང་དང་པོ2། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་རྩོལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ1བཅས་ཐོབ་མྱོང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཐོན་ཁུངས་ཞིབ་འཇུག་འདོན་སྤེལ་ལྟེ་གནས་ཀྱི་འགན་འཛིན་པ་དང་སློབ་ཁྲིད་ཞིབ་འཇུག་གི་བྱ་བ་གཉེར་བཞིན་ཡོད།
ཚེས14ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གཙོ་དབང་ཆེན་ཚེ་རིང་གིས་གཞུང་ཡིག་ལོ་ཙཱའི་ཐབས་ཤེས་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་སྤེལ་རྒྱུ་རེད།
དགེ་རྒན་དབང་ཆེན་ཚེ་རིང་། ཕ་ཡུལ་འབའ་རྫོང་གི་ཡིན། ཞུས་ཆུང་ལོ་ཙཱ་བ་ཡིན། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོའི་འགན་བཞེས་པའི་ཞོར་དུ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ཚོགས་མི། 《མི་རིགས་རྩོམ་རིག》དུས་དེབ་ཀྱི་ཆེད་བསྐོས་སྒྱུར་སྒྲིག་ཞུ་དག་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས་ཡོད། སྔ་རྗེས་སུ《ཀྲུང་གོའི་བོད་རིག་པ》དང་། 《མི་རིགས་རྩོམ་རིག》སོགས་གཙོ་གནད་དུས་དེབ་ཀྱི་སྟེང་དུ་རིག་གཞུང་དཔྱད་རྩོམ་དང་བསྒྱུར་རྩོམ་གང་མང་སྤེལ་མྱོང་། 2002ལོའི་ཟླ8པ་ནས2015ལོའི་ཟླ6པའི་བར་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་བོད་ཡིག་གཞུང་ལས་ཁང་ཡིག་སྒྱུར་ཚན་ཁག་གི་འགོ་གཙོའི་འགན་བཞེས་ནས་རྒྱ་བོད་ཡིག་སྒྱུར་གྱི་ཕྱག་ལས་གནང་བ་དང་། 2002ལོ་ནས2018ལོའི་བར་དུ་ཏང་གི་ཚོགས་ཆེན་ཐེབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ལ་ཞུགས་ཤིང་། “རྒྱལ་ཡོངས་ཚོགས་ཆེན་གཉིས”ཀྱི་ཡིག་ཆའི་བོད་ཡིག་ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ཀྱི་བྱ་བར་ཞུགས་མྱོང་།
ཚེས14ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ལྷ་འབྲུག་རྒྱལ་གྱིས་འགོ་ཁྲིད་དེ་ཐ་སྙད་གསར་བའི་ཆེད་དོན་གྲོས་བསྡུར་བྱ་རྒྱུ་རེད།
ཚེས15ཉིན་གྱི་སྔ་དྲོར།  ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས་སྤྱི་ཚོགས་བཅོས་སྐྱོང་མཐོང་ལམ་གྱི་མི་རིགས་སྐད་ཡིག་ལག་ལེན་ཐབས་ལམ་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་སྤེལ་རྒྱུ་རེད།
དགེ་རྒན་བསོད་ནམས་དབང་རྒྱལ། ལན་གྲུ་སློབ་གྲྭ་ཆེན་མོའི་འབུམ་རམས་པ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་གཞུང་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཆེ་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ལས་འགན་གཅིག་ལྕོགས་སུ་བཞེས་ཡོད་ལ། སྔ་ཕྱིར་དུ་མཚོ་སྔོན་མཐོ་རིམ་གསར་གཏོད་འཇོན་མི་འཆར་གཞིའི་རྩེར་སོན་འཇོན་ཐང་མི་སྣ་དང་མཚོ་སྔོན་ཞིང་ཆེན་ཆེད་ལས་ལག་རྩལ་གྱི་ཕུལ་བྱུང་འཇོན་མི། མཐོ་སྒང་སྔོན་ཐོན་དགེ་རྒན་དཔུང་སྡེའི་དགེ་རྒན་སོགས་སུ་བདམས། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ལ་བོད་ཁུལ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཕྱོགས་ནས་ནང་ཁུལ་གྱི་གཞུང་ལུགས་དཔྱད་གཞི་བྲིས། ཁོང་གི་ཆེད་དོན་སློབ་ཁྲིད་ལ2016ལོར་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི“སྤུས་ལེགས་བསླབ་ཚན”། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི“ཕུལ་བྱུང་ཆེད་དོན་བརྗོད་གཞི”དང“ཕུལ་བྱུང་ཆེད་དོན་བརྗོད་གཞི་བཅུ”རུ་བདམས་པར་མ་ཟད། 2016ལོའི་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་ཁྲིད་མ་ལག་འགྲན་བསྡུར་གྱི་དགེ་རྒན་ཆེན་མོའི་རུ་ཁག་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2018ལོར་ཞིང་ཆེན་ཡོངས་ཀྱི་སློབ་ཆེན་ཁག་གི་འགྲན་བསྡུར་ཁྲོད་དུ་སྤུས་ལེགས་སློབ་ཁྲིད་ཀྱི་མཚན་སྙན་ཐོབ། ད་ལྟའི་བར་དུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གསུམ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི་བཞི་གཙོ་སྐྱོང་གནང་ཞིང་། རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཚད་ལྡན་ཁག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ20ལྷག་སྤེལ།
ཚེས15ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་སྨན་བླ་ཐར་གྱིས་ཐོན་མི་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་གྱི་སྒྲིག་རིམ་ཉེར་སྤྱོད་དང་། ཡོངས་འཛིན་རིག་མཛོད་འཛུགས་སྐྲུན་དང་བོད་རྒྱ་ཡིག་སྒྱུར་ཞེས་པ་བརྗོད་གཞི་བྱས་ཏེ་ངོ་སྤྲོད་གནང་རྒྱུ་རེད།
ཚེས16ཉིན་གྱི་སྔ་དྲོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་རྒྱལ་གྱིས་རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་རིག་གནས་ཁྱད་པར་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་གནང་རྒྱུ་རེད།
དགེ་རྒན་མཁའ་འབུམ་རྒྱལ། 1975ལོར་སྐྱེས། ཕ་ཡུལ་ཁྲི་ཀ་རྫོང་གི་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་ཡིན། མི་རིགས་རིག་པའི་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དང་། ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད། གཙོ་བོ་མི་རིགས་རིག་པ་དང་བོད་རིག་པའི་ཕྱོགས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད།
བོད་རྒྱ་ཡིག་རིགས་གཉིས་ཀྱིས《འཛམ་གླིང་ཆོས་ལུགས་ཞིབ་འཇུག》དང་། 《ཀྲུང་གོའི་བོད་རིག་པ》།《ཆོས་ལུགས་རིག་པའི་ཞིབ་འཇུག》སོགས་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ30ལྷག་ཙམ་སྤེལ་མྱོང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་ཏའོ་ཅའོ་ཆོས་ལུགས་ཀྱི་ས་ཁོངས་རང་བཞིན་དང་མི་རིགས་རང་བཞིན་གྱི་འཕོ་འགྱུར་སྐོར་གྱི་ཞིབ་འཇུག》དང་།《ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་རྙིང་མ་བའི་སྔགས་པ་དང་དེའི་སྤྱི་ཚོགས་ཤུགས་རྐྱེན་སྐོར་གྱི་ཞིབ་འཇུག》སོགས་ལ་གཙོ་སྐྱོང་གནང་བ་དང་།《ཨ་མདོའི་བོད་རིགས་ས་ཁུལ་གྱི་ཡུལ་ལྷའི་དད་མོས་ཞིབ་འཇུག》ཅེས་པ་དཔེ་སྐྲུན་བྱས་ཤིང་།《ཞིང་ཐང་གི་མི་རིགས་སྤྱི་ཚོགས་དང་རིག་གནས》ཞེས་པ་གཙོ་སྒྲིག་བྱས།
ཚེས16ཉིན་གྱི་ཕྱི་དྲོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་དོན་འགྲུབ་ཀྱིས་ལོ་ཙཱས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་རགས་ཙམ་གླེང་བ་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་གནང་རྒྱུ་རེད།
མཐའ་བ་བཀྲ་ཤིས་དོན་འགྲུབ། 1973ལོར་སྐྱེས། ཕ་ཡུལ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཡིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁ་ཕྱོགས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཐོག་མ་དང་། ལོ་རྒྱུས་རིག་པའི་འབུམ་རམས་ཕྱི་ཚར་བཅས་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད། གཙོ་བོ་ཏུན་ཧོང་གི་གནའ་བོའི་བོད་ཡིག་ཚད་ལྡན་ཡིག་ཆ་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཕྱོགས་ཀྱི་ཕྱག་ལས་གཉེར་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ལས་གཞི3གཙོ་སྐྱོང་གནང་བ་དང་། ཆེད་རྩོམ2པར་སྐྲུན་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ33སྤེལ་མྱོང་།
ཚེས17ཉིན་གྱི་སྔ་དྲོར། དགེ་རྒན་རིན་ཆེན་ནོར་བུས་སྐད་གཉིས་ལོ་ཙཱའི་རྩ་དོན་དང་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ་ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་སྤེལ་རྒྱུ་ཡིན་པ་དང་ཕྱི་དྲོར་བཞུགས་མོལ་སྤེལ་རེས་བྱ་རྒྱུ་རེད།
ཚེས18ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགོ་གཙོ་སྙིང་བྱམས་རྒྱལ་གྱིས་མི་རིགས་སྐད་ཡིག་ལས་དོན་པའི་ལས་འགན་དང་འགན་འཁྲི་རགས་ཙམ་གླེང་རྒྱུ་དང་ཕྱི་དྲོར་སློབ་མཇུག་སྒྲིལ་བའི་མཛད་སྒོ་བསྡུས་ཏེ་ཐེངས་འདིའི་གསོ་སྦྱོང་བདེ་བླག་ངང་མཇུག་སྒྲིལ་རྒྱུ་དེ་ཡིན།
འབྲེལ་ཡོད་འོས་སྦྱོར།