logo

༄༅།།གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས2020ལོའི་སློབ་མ་གསར་བའི་ཁྱིམ་བདག་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-09-10 ཀློག་གྲངས།:
སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་མཐོར་འདེགས་དང་མི་རིགས་མཐུན་སྒྲིལ་གྱི་འོས་འགན་ལེགས་འགྲུབ། འཆམ་མཐུན་སློབ་རའི་དམིགས་འབེན་ལག་བསྟར་བྱ་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་དང་དམངས་དོན་ལྷུར་ལེན་གྱི་གཞི་རྩའི་གནས་བབ་གལ་ཆེན་ཞིག་ཏུ་གྲུབ་ཡོད་ཕྱིར་ང་ཚོས་དུས་རབས་གསར་བའི་ལམ་ལུགས་དང་ཚན་རིག་གི་ལྟ་བ་གཞིར་བཟུང་ནས་སློབ་གསོའི་དགོངས་དོན་དྲིལ་བསྒྲགས་དང་སློབ་གསོའི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་ཡིན་ལ། ཁྱད་པར་དུ་ཏང་དང་མེས་རྒྱལ་ལ་བློ་དཀར་ཞིང་བཀའ་དྲིན་རྗེས་སུ་དྲན་དགོས་པ་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ཡང་དག་པའི་བསམ་བློའི་ཁ་ཕྱོགས་རྒྱུན་འཁྱོངས་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་རྨང་གཞི་སྟེང་ནས་ད་གཟོད་སློབ་གསོའི་ལས་དོན་ལ་བརྩོན་ལེན་དང་ཁྱིམ་ཚང་སློབ་གསོ་མཐོར་འདེགས་སུ་གཏོང་དགོས། ཁྱིམ་བདག་སློབ་གསོ་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་མ་འོངས་པའི་མེས་རྒྱལ་གྱི་བདག་པོ་ཚུལ་ལྡན་ཞིག་གསོ་སྐྱོང་བྱེད་པའི་ཐད་ལ་མ་བསྐུལ་དང་ལེན་གྱིས་རང་ནུས་གང་ཡོད་འདོན་དགོས་པའོ། ། ཁྱད་པར་དུ་ང་ཚོས་ཏང་གི་ཡང་དག་པའི་སློབ་གསོའི་ཁ་ཕྱོགས་གཞིར་བཟུང་ནས་རང་གཞན་གཉིས་ཕན་གྱི་ལས་དོན་རླབས་ཆེན་ཏེ་མི་གཤིས་ལེགས་ཤིང་ཡ་རབས་ཚུལ་ལྡན་གྱི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་མཐའ་འཁྱོལ་བར་བྱ་རྒྱུ་ནི་སློབ་གྲྭ་དང་ཁྱིམ་བདག་ཟུང་འབྲེལ་གྱིས་བརྩོན་ལེན་བྱེད་དགོས་པའི་ཐུན་མོང་གི་རེ་འདུན་གལ་ཆེན་ཞིག་ཏུ་གྲུབ་ཡོད་པས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལ་འབད་འབུངས་དང་མེས་རྒྱལ་གྱི་ཡང་དག་པའི་སྣེ་ཁྲིད་ཀྱི་རྗེས་སུ་འབྲངས་དགོས་རྒྱུ་ནི་བསྙོན་དུ་མེད་པའི་སློབ་གྲྭ་འཕེལ་རྒྱས་དང་སློབ་མ་སད་རྟོགས་ཀྱི་གཞི་རྩའི་ལམ་ཕྱོགས་ཤིག་ཏུ་གྲུབ་ཡོད་པའོ། །
ཉེ་ལམ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས༢༠༢༠ལོའི་སློབ་མ་གསར་བའི་ཁྱིམ་བདག་ཚོགས་འདུ་ཉིན་འདིའི་ཕྱི་དྲོ་དུས་ཚོད་གསུམ་གྱི་སྟེང་སློབ་གྲྭའི་ལུས་རྩལ་ར་བར་འཚོགས་པས་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན། ཁྱིམ་བདག་དང་སློབ་མ་གསར་བ་བཅས་དུས་ལྟར་ཚོགས་འདུར་ཞུགས་པ་རེད། སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་རིང་དང་སློབ་སྤྱི་གཞོན་པ་ཚེ་གཟུངས། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན། སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ། དམའ་གཅིག་ལོ་རིག་ཁག་གི་སྣེ་ཁྲིད་པ་སྒྲོལ་མ་ཚེ་རིང་། ཆ་འཕྲིན་ལག་རྩལ་ཁང་གི་ཀྲུའུ་རིན་པདྨ་རྒྱ་མཚོ་དང་དམའ་གཅིག་ལོ་རིམ་ཁག་གི་འཛིན་བདག་བཅས་ཐེངས་འདིའི་ཚོགས་འདུར་ཞུགས་པ་ཡིན་ལ་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་དང་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དག་རེ་རེ་བཞིན་ཁྱིམ་བདག་ལྷན་རྒྱས་ལ་ངོ་སྤྲོད་བྱས་པ་རེད།
རིམ་པ་དང་པོ་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་གཏམ་བཤད་སྤེལ་བ་དང་རིམ་པ་གཉིས་པ་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་གཏམ་བཤད་སྤེལ་བ། རིམ་པ་གསུམ་པ་ནི་དམའ་གཅིག་ལོ་རིམ་ཁག་གི་སྣེ་ཁྲིད་པ་སྒྲོལ་མ་ཚེ་རིང་གིས་གཏམ་བཤད་སྤེལ་བ་བཅས་རེད།
རིམ་པ་དང་པོ། སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཐོག་མར་སློབ་གྲྭ་སྤྱིའི་གནས་བབ་ངོ་སྤྲོད་དང་ཆབས་ཅིག་ད་ལོ་གསར་དུ་ཐོན་པའི་སློབ་གྲོགས་རྣམས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས་ཏེ་དོན་ཚན་ཆེན་པོ་བཅུ་གནད་དུ་བཟུང་ནས་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་བྱས་པ་རེད།
གཅིག སློབ་གྲྭ་སྤྱི་དང་ལོ་རིམ་ཁག་སོ་སོའི་ཁྲིད་ཐབས་དང་སློབ་མའི་ཁ་གྲངས། སློབ་སྦྱོང་གི་འབྲས་བུ་སོགས་ངོ་སྤྲོད་རགས་བསྡུས་བྱས་པ།
གཉིས། ཁྱིམ་བདག་རྣམ་པས་རང་གི་སློབ་མའི་མ་འོངས་པའི་ཕུགས་འདུན་གྱི་ཆེད་དུ་སློབ་གྲྭ་དང་ལོ་རིམ་ཁག་གི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་སློབ་གྲྭ་ཕྱིའི་འཛུགས་སྐྲུན་དང་ཁོར་ཡུག་གི་རྣམ་པ། དགེ་རྒན་གྱི་དཔུང་སྡེ། སློབ་ཁྲིད་ཀྱི་དམིགས་འདུན་སོགས་བཀོད་སྒྲིག་ཇི་ལྟར་བྱས་ཚུལ་དང་དེ་ལྟར་བྱེད་དགོས་པའི་དགེ་མཚན་གྱི་སྐོར་གསལ་བཤད་བྱས་པ།
གསུམ། ཐེངས་འདིའི་དམའ་གཅིག་ལོ་རིམ་ཁག་གི་གཏན་འཁེལ་བྱས་པའི་དགེ་རྒན་དང་འཛིན་བདག་གི་བྱེད་ནུས་སྐོར་ནས་རྒྱས་བཤད་གནང་བ་མ་ཟད། བསྐོ་བཞག་བྱས་པའི་དགེ་རྒན་དང་འཛིན་བདག་སོགས་མི་སྒེར་གྱི་དོན་དག་གལ་ཆེན་མེད་ཚེ་བརྗེ་རེས་མི་བྱེད་པ་དང་ལོ་ངོ་གསུམ་གྱི་འོས་འགན་ལེགས་འགྲུབ་བྱེད་པའི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་ཚུལ་སྐོར།
བཞི། འཛིན་གྲྭ་བགོ་སྟངས་དང་ཁྲིད་ཐབས་དང་པོ་དང་གཉིས་པའི་བྱེད་ཐབས། སློབ་མའི་མང་ཉུང་དང་ཕོ་མོ་སྡེབ་སྒྲིག་སོགས་ཐད་ཀར་དུ་སློབ་མའི་རྒྱུགས་འབྲས་གཞིར་བཟུང་ནས་ཐག་གཅོད་བྱས་ཚུལ་གྱི་སྐོར་བརྗོད་པ།
ལྔ། གཞན་ཕན་གྱི་བསམ་བློ་དང་འདྲ་མཉམ་གྱི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་ལ་དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བ་དམ་པོ་ཡོད་དགོས་པའི་རེ་འདུན་བཏོན་པ།
དྲུག  འདས་ཟིན་པའི་ལོ་ངོ་གསུམ་གྱི་འབྲིང་རྒྱུགས་ཀྱི་སྐར་གྲངས་དང་རྫོང་ཁག་སོ་སོའི་ཨང་རིམ་བསྡུར་ནས་ད་ལོའི་གསར་ཐོན་སློབ་མ་དག་གིས་དུས་ད་ལྟ་ནས་བཟུང་འབྲིང་རྒྱུགས་ལ་སྟ་གོན་དང་ཁྱིམ་བདག་གིས་རམ་འདེགས་ཅི་ནུས་སྦྱོར་དགོས་པའི་རེ་བ་བཏོན་པ།
བདུན། སློབ་སྦྱོང་གི་བྱེད་ཐབས་དང་སློབ་ཐུན་བཀོད་སྒྲིག་གི་མང་ཉུང་སོགས་གཙོར་བཟུང་ནས་ཁོར་ཡུག་མི་འདྲ་བ་དང་བསླབ་གཞི་མི་འདྲ་བ། སློབ་སྦྱོང་གི་གནས་བབ་མི་འདྲ་བ་ངོ་སྤྲོད་བརྒྱུད་ནས་སློབ་ཆུང་དང་སློབ་འབྲིང་གི་འོས་འགན་ལ་ཡང་ལྕི་ཡོད་པ་དང་དགེ་རྒན་དང་ཁྱིམ་བདག་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་སློབ་སྦྱོང་གི་འོས་འགན་ཡོངས་འགྲུབ་བྱེད་དགོས་པའི་དགོངས་དོན་བསྟན་པ་རེད།
བརྒྱད། སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་མི་ལེགས་པའི་མཇུག་འབྲས་ངན་པ་ཇི་ལྟར་བྱུང་བ་དང་སྣང་ཚུལ་དེས་ཁྱིམ་ཚང་དང་སློབ་གྲྭའི་འཕེལ་རྒྱས་ལ་བར་ཆད་ཆེན་པོ་བཟོས་པའི་སྤྱོད་ངན་གསལ་བཤད་སྒོས་ངེས་པར་དུ་ཏང་གི་ཡང་དག་པའི་སྣེ་ཁྲིད་དང་མེས་རྒྱལ་གྱི་བཀའ་དྲིན་ཡིད་དུ་བཅངས་ཏེ་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱེད་དགོས་པའི་རེ་འདུན་བཏོན་པ་རེད།
དགུ  རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་དྲིལ་བསྒྲགས་དང་ལོ་དགུའི་འགན་བབས་སློབ་གསོའི་དམིགས་འདུན་ལག་བསྟར་བྱ་དགོས་པའི་སྐོར་གྱི་དགེ་མཚན་གསལ་འདེབས་བྱས་པ།
བཅུ། སློབ་མའི་འཚོ་བ་དང་ཟས་ཐུན་རེ་རེར་ཇི་ལྟར་བཀོད་སྒྲིག་བྱས་ཡོད་ཚུལ་གྱི་གནས་ཚུལ་གསལ་བཤད་བྱས་པ་སོགས་དོན་ཚན་ཆེན་པོ་བཅུ་གཙོ་གནད་དུ་བཟུང་ནས་ཚུལ་ལྡན་གྱི་དུས་རབས་གསར་བའི་སློབ་འབྲིང་སློབ་མ་ཞིག་གིས་ངེས་པར་དུ་སྒྲུབ་དགོས་པའི་སྐོར་གྱི་དགོངས་དོན་གསལ་བོར་བསྟན་པ་ཡིན་ལ། ཁྱད་པར་དུ་ཏང་གི་སློབ་གསོའི་ལམ་ལུགས་རྒྱུན་འཁྱོངས་དང་ཡང་དག་པའི་མི་ཚེའི་ཁ་ཕྱོགས་བཟང་བོ་ཞིག་བཙལ་དགོས་ཚུལ་གྱི་སློབ་སྟོན་གནང་བ་རེད། མཇུག་མཐར་ཁོང་གིས་ནན་གྱིས་བསྟན་དོན་ནི་སློབ་གསོ་འཕེལ་རྒྱས་འབྱུང་དགོས་ན་ཁྱིམ་བདག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་ཟབ་བཞེས་གནང་དགོས་པ་དང་། སློབ་གྲྭ་དང་དགེ་རྒན་གྱིས་བཀོད་སྒྲིག་དང་ལེན་བྱེད་དགོས་པ། ཁྱིམ་ཚང་གི་སློབ་གསོའི་མཁའ་དབུགས་དྭངས་མོ་ཞིག་ཡིན་དགོས་པའི་རེ་འདུན་བཏོན་པ་རེད།
རིམ་པ་གཉིས་པ། སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅུ་གཞོན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་དོན་ཚན་ཆེན་པོ་ལྔ་ཡི་སྟེང་ནས་ཚོགས་འདུའི་རེ་འདུན་དང་དམིགས་འདུན་མངོན་འགྱུར་བྱེད་དགོས་ཚུལ་གྱི་སློབ་སྟོན་གནང་བ་རེད།
གཅིག  རིམས་ནད་སྔོན་འགོག་དང་མི་སྒེར་དང་ཐུན་མོང་གི་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་དགོས་ཚུལ །
གཉིས། སློབ་མའི་བདེ་ཐང་གི་ཆེད་དུ་སློབ་གྲྭས་སློབ་མས་ཞོར་ཟས་ཟ་བར་སྔོན་འགོག་དང་བྱིས་པའི་བདེ་འཇགས་ཀྱི་འཚར་ལོངས་ལ་གནོད་སྐྱོན་ཐེབས་པའི་ཟས་རིགས་ལོངས་སྤྱོད་བྱས་མི་ཆོག་པའི་སློབ་སྟོན་གནང་བ།
གསུམ ཟས་རིགས་གཙོས་ཆུ་དང་གློག་སོགས་མདོར་ན་བེད་སྤྱོད་ཀྱི་རིན་ཐང་ལྡན་པ་གང་ཡིན་གྲོན་ཆུང་བྱེད་དགོས་པ་དང་ཆུད་ཟོས་སུ་གཏོང་མི་རུང་བའི་་སྐོར་གསལ་བཤད་བྱས་པ།
བཞི། འཛིན་གྲྭ་སོ་སོའི་སྐད་འཕྲིན་ཚོགས་པའི་འཛེམས་བྱ་དང་དོ་སྣང་བྱེད་དགོས་པའི་སྐོར་ནས་ངེས་པར་དུ་ཁྲིམས་མཐུན་ལུགས་མཐུན་དང་རང་གཞན་གཉིས་ཕན་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པའི་རེ་འདུན་བཏོན་པ།
ལྔ། ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོའི་སྔོན་འགྲོ་ཡིན་པ་དང་ཁྱིམ་ཚང་སློབ་གསོ་ནི་བྱིས་པའི་ལུས་སེམས་བཅོས་བསྒྱུར་གྱི་རྨང་གཞི་ཡིན་པས་སློབ་གྲྭའི་སློབ་གསོ་རྒྱུན་འཁྱོངས་བྱེད་དགོས་ན་ཀུན་སྤྱོད་སློབ་གསོ་ལག་བསྟར་བྱེད་དགོས་པ་སོགས་དོན་ཚན་ཆེན་པོ་ལྔ་གཞིར་བཟུང་ནས་ཟླ་གནང་སྐབས་སུ་སློབ་མ་ཕར་སྐྱེལ་ཚུར་ལེན་བྱེད་པའི་ལས་འགན་ཁྱིམ་བདག་རང་ཉིད་དངོས་ཀྱིས་ཁག་ཁུར་བྱེད་དགོས་པ་དང་དུས་ལྟར་སློབ་མ་སྐྱེལ་བསུ་བྱེད་དགོས་པ། ལམ་བར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ། རང་བྱུང་ཁོར་ཡུག་གི་གནོད་འཚེ་ལ་དོགས་ཟོན་དང་སྔོན་འགོག་བྱེད་དགོས་པ། ངལ་རྩོལ་སློབ་གསོའི་ལས་སྐལ་ལག་བསྟར་བྱེད་དགོས་ཤིང་སློབ་མའི་ནུས་པ་དང་བསྟུན་ནས་ངལ་རྩོལ་བཀོད་སྒྲིག་བྱེད་དགོས་པ་སོགས་བསོད་ནམས་ཚེ་རིང་ལགས་ཀྱིས་དགེ་རྒན་དང་ཁྱིམ་བདག  སློབ་མ་གསར་བ་བཅས་ལ་རིན་ཐང་ཆེ་བའི་སློབ་སྟོན་འགངས་ཆེན་གནང་བ་རེད།
རིམ་པ་གསུམ་པ། དམའ་གཅིག་ལོ་རིམ་ཁག་གི་སྣེ་ཁྲིད་པ་སྒྲོལ་མ་ཚེ་རིང་གིས་འཛིན་གྲྭ་སོ་སོའི་སྐད་འཕྲིན་ཚོགས་པའི་འོས་འགན་དང་ལེན་དང་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ། སློབ་མ་ཕན་ཚུན་བར་དུ་བྱུང་བའི་རྩོད་གླེང་ཇི་ལྟར་ཞི་འཇགས་སུ་གཏོང་དགོས་ཚུལ། སློབ་མའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཚུལ། སློབ་མའི་ཀུན་སྤྱོད་དག་ཐེར་དང་དུས་ལྟར་སློབ་ལྭ་གྱོན་དགོས་པའི་སྐོར། སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་དང་རྒྱུན་དུ་དགེ་རྒན་ལ་འབྲེལ་འདྲིས་བྱེད་པ། དུས་ལྟར་སློབ་གྲྭའི་འབྲེལ་ཡོད་ལམ་ལུགས་ལེགས་འགྲུབ་བྱེད་དགོས་པའི་སྐོར་གྱི་གཏམ་བཤད་སྤེལ་བ་མ་ཟད། གསར་ཐོན་སློབ་མའི་འགྲོ་འདུག་སྤྱོད་གསུམ་གཙོས་ཡ་རབས་ཚུལ་ལྡན་དང་མི་གཤིས་ལེགས་ཤིང་སློབ་སྦྱོང་ལ་བརྩོན་པར་མོས་པའི་སློབ་མ་བཟང་བོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་དོན་ཚན་ཆེན་པོ་དྲུག་གི་སྟེང་ནས་ལོ་རིམ་ཁག་གི་འབྲེལ་ཡོད་སྒྲིག་ལམ་དྲིལ་བསྒྲགས་བྱས་པ་རེད།
ཐེངས་འདིའི་ཚོགས་འདུ་འཚོགས་པ་བརྒྱུད་ནས་དགེ་རྒན་དང་ཁྱིམ་བདག གསར་དུ་ཐོན་པའི་སློབ་གྲོགས་དག་གིས་གཅིག་ནས་སློབ་གྲྭའི་མ་འོངས་པའི་དམིགས་འདུན་ལ་རྒྱུས་ལོན་དང་མཐར་གཏུགས་ཀྱི་རྒྱལ་ཁ་ལ་བརྩོན་ལེན་ཇི་ལྟར་བྱེད་དགོས་པ་དང་གཉིས་ནས་རང་ནུས་གང་ཡོད་ཀྱིས་སློབ་གསོའི་ལས་དོན་ལ་རམ་འདེགས་དང་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པའི་བསམ་བློའི་འདུ་ཤེས་ཇེ་ཟབ་དུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་སློབ་མའི་མ་འོངས་པའི་མདུན་ལམ་ལ་སྔ་མོ་ནས་སྟ་གོན་གང་ལེགས་བྱེད་དགོས་པའི་ཀུན་སློང་བསྐྱེད་པར་བྱས་པ་རེད།
རྩོམ་འབྲི་བ། ཚེ་རིང་རྣམ་རྒྱལ།
པར་ལེན་མཁན། པད་མ་རྒྱ་མཚོ།
འབྲེལ་ཡོད་འོས་སྦྱོར།