logo

༄༅།།མཚོ་ལྷོའི་སློབ་མ་བན་ཏེ་ཚེ་རིང་ལ་འཛམ་གླིང་རྩེ་གྲས་ཀྱི་སློབ་ཆེན་མང་བོའི་གདན་ཞུའི་ཡི་གེ་འབྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2021-03-11 ཀློག་གྲངས།:
      སློབ་གྲྭ་བཙུགས་ནས་ལོ60ལྷག་ཙམ་གྱི་རིང་ལ། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གིས་ས་མཐོར་གཞི་ཚུགས་ཏེ་བོད་རིགས་ས་ཁུལ་ལ་ཞབས་འདེགས་ཞུས་པ་དང་། འབད་འབུངས་སྟོབས་བརྩོན་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ནས་ཕུལ་བྱུང་སློབ་མ་ཁག་གཅིག་གསོ་སྐྱོང་བྱས་ཡོད། ཁོ་ཚོས་མ་ཡུམ་སློབ་གྲྭའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཏན་ཏིག་ཡར་བརྩོན་གྱིས་ཐོལ་བརྒལ་གསར་བ་ཟམ་མི་ཆད་པར་བྱུང་ལ་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཀྱང་བླངས་ཡོད། ཁོ་ཚོས་མེས་རྒྱལ་གྱི་ས་གནས་ཁག་དང་ཁྱབ་ཁོངས་ཁག་ལ་ཞབས་འདེགས་ཞུས་ནས་མེས་རྒྱལ་འཕེལ་རྒྱས་དང་ལྷག་པར་དུ་མཚོ་སྔོན་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
      བན་ཏེ་ཚེ་རིང་། བོད་རིགས། ཏང་ཡོན། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དར་དམར་སྡེ་བའི་མི་ཡིན། 2011ལོའི་ལོ་སྟོད་དུ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་པ་དང(འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་གྱི་སྦྱངས་འབྲས་ཁུལ་ཡོངས་ཀྱི་མི་རིགས་སློབ་གྲྭའི་ཁྲོད་ཨང་དང་བོ་ཡིན།)མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་མཐོ་འབྲིང་གི་བསླབ་ཚན་ལ་སློབ་སྦྱོང་བྱས་པ་དང2014ལོར་ཧུའུ་ནན་སློབ་ཆེན་རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད།
      དངོས་གཞིའི་སྐབས་སློབ་སྦྱོང་གི་སྦྱང་འབྲས་ཆེད་ལས་ཀྱི་ཨང་གསུམ་པ་ཡིན་ཞིང2018ལོར་སློབ་གྲྭ་ཡོངས་ཀྱི་སློབ་མའི་འཐུས་མིའི་ངོས་ནས2018ལོའི་དངོས་གཞིའི་ཚན་ཁག་གི་མཐར་ཕྱིན་མཛད་སྒོའི་ཐོག་གཏམ་བཤད་བྱས་པ་ཁོ་ན་ཡིན་ལ། དེ་ནི་ཧུའུ་ནན་སློབ་ཆེན་གྱི་ལོ་རྒྱུས་ཐོག་བོད་རིགས་སློབ་མའི་འཐུས་མིས་གཏམ་བཤད་བྱས་པ་ཐོག་མ་ཡང་ཡིན་ཞིང་དངོས་གཞིའི་སྐབས་སུ་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས2018ལོའི་ཧུའུ་ནན་སློབ་ཆེན་གྱི་སློབ་བསྡུའི་དྲིལ་བསྒྲགས་བརྙན་ཐུང་ཆེ་གྲས་དྲུག་གི་ནང་དུ་བདམས་པ་རེད། ཧུའུ་ནན་ཞིང་ཆེན་གྱི་ཕུལ་བྱུང་མཐར་ཕྱིན་སློབ་མ་དང་ཧུའུ་ནན་སློབ་ཆེན་གྱི་ཕུལ་བྱུང་མཐར་ཕྱིན་སློབ་མ། རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱང་འབྲས་གཟེངས་ཐོན་གྱི་སློབ་མ། ཧུའུ་ནན་སློབ་ཆེན་གྱི་ལོ་འཁོར་མོའི་དཔེ་མཚོན་ཕུལ་བྱུང་སློབ་མ།(སློབ་གྲྭ་ཡོངས་ན་སློབ་མ6ཡོད་པ་དང་སློབ་གཙོས་དངོས་སུ་གཟེངས་བསྟོད་བཏགས།)དང་བརྩོན་འགྲུས་བརྟན་ཞིང་སྡུག་རུས་ཁྲོད་འཚར་ལོངས་བྱུང་བའི་དཔེ་མཚོན་ཕུལ་བྱུང་སློབ་མ། (སློབ་གྲྭ་ཡོངས་ན་ཁྱོན་སློབ་མ10ཡོད།)སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད་པ་རེད། ལོ་དེར་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་རྒྱུ་ཆ་སློབ་གླིང་གི་ལྕགས་རིགས་དྲག་ཚད་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་བསྐྱལ་ནས་ཞིབ་འཇུག་འདོན་དུ་བཅུག རབ་འབྱམས་ཞིབ་འཇུག་སྐབས་སློབ་སྦྱོང་གི་སྦྱང་འབྲས་ལེགས་པ་དང་དཀྱིལ་རྒྱུགས་ཀྱི་སྦྱང་འབྲས་ཚན་ཁག་གི་ཨང་གཉིས་པ་ཡིན་པར་མ་ཟད། བསྟུད་མར་ཐེངས་གསུམ་ལ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དུ་ཨང་དང་བོའི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། ཝང་ཞའོ་ཐེན་གྱི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། 2020ལོའི་རིག་གཞུང་སྐར་ཆེན་གྱི་མཚན་སྙན་སོགས་ཐོབ་མྱོང་།
ཞིབ་འཇུག་སློབ་མའི་སྐབས་སུ། གཙོ་བོ་ནུས་མཐོའི་མུའུ་བསྲེས་ལྕགས་རིགས་གསར་བ་ཁོར་ཡུག་ཐབས་རྡུགས་འོག་གི་གནོད་སྐྱོན་རྐྱེན་རྩ་དང་ནུས་པ་ལེགས་སྒྱུར་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། རྒྱལ་ནང་གི་སྐད་གྲགས་ཆེ་བའི་དགེ་རྒན་ཆེན་མོ་ཏིན་ཞང་ཏུང་དང་དགེ་རྒན་ཆེན་མོ་ཞུའེ་ཏེ་ཀྲེན་གཉིས་ཀྱི་མཛུབ་སྟོན་འོག་མིག་སྔར་བརྩམས་ཆོས་དང་བོའི་མིང་ཐོག་ནསCorolsion Science(རྒྱལ་སྤྱིའི་རུལ་བསླད་རིག་གཞུང་ཚན་ཁག་གི་རྩེར་སོན་དུས་དེབ)ཐོག་སྤེལ་བ་དང་། དཔྱད་རྩོམ་གཞན་ཞིག་ཀྱང་རྩོམ་པ་པོ་དང་བོའི་མིང་ཐོག་ནསCorolsion Scienceལ་ཕུལ་བ་དང་། མིག་སྔར་ཞུ་དག་གཉིས་པ་བྱེད་བཞིན་པའི་སྒང་ཡིན།
      དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་ཆེད་ཁེ་གསུམ་སྤེལ་ཡོད་ཅིང་།(གཅིག་ལ་དབང་བཅོལ་ཐོབ་པ་དང་གཉིས་བདག་སྤྲོད་དང་ལེན་བྱས་ཟིན།)མིག་སྔར་ཨ་རིའི་མ་ཧྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དེའི་ཉིང་རྡུལ་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སློབ་ཡོན་མི་དགོས་པའི་འབུམ་རམས་པའི་སློབ་བསྡུའི་བརྡ་ཐོ་དང་། དབྱིན་ཇིའི་མན་ཁྲེ་སི་ཐེ་སློབ་ཆེན་རྒྱུ་ཆའི་སློབ་གླིང་གིCSCསློབ་ཡོན་མི་དགོས་པའི་འབུམ་རམས་པའི་སློབ་བསྡུའི་བརྡ་ཐོ་སོགས་འབྱོར་ཡོད་པ་རེད།
      ཚན་རིག་ཞིབ་འཇུག་ལས་གཞན་ད་དུང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཧུའུ་ནན་ཞིང་ཆེན་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི། ཧྲན་ཞིས་ཞིང་ཆེན་གཞོན་ནུ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། 
ད་བར་དུ་རྒྱལ་ནང་གི་རྩོམ་རིག་དུས་དེབ་གྲགས་ཅན《བོད་ལྗོངས་རྩོམ་རིག》(ཞིང་ཆེན་རིམ་པ།)དང་།《མཚོ་སྔོན་པོ》(ཞིང་ཆེན་རིམ་པ།)《རྩྭ་ཐང་།》(གྲོང་ཁྱེར་རིམ་པ།)སོགས་ཀྱི་ཐོག་ལྷུག་རྩོམ་སྙན་ངག་བརྒྱ་ཙམ་སྤེལ་མྱོང་བ་དང་། ལྷོ་རྒྱུད་རིག་རྩལ་གྱི“ལོ་འཁོར་མོའི་རྩོམ་པ་པོ་བཅུ”དང2016ལོའི་རྒྱལ་ཡོངས་ཀྱི་བརྩམས་ཆོས་བདམས་པའི་བྱ་དགའ་ཆེན་མོའི་འགྲན་བསྡུར་ནང་ཨང་གསུམ་པ་སོགས་རྩོམ་རིག་རིགས་ཀྱི་བྱ་དགའ་ཐོབ་མྱོང་། ཀྲུང་གོའི་སྙན་ངག་སློབ་ཚོགས་ཀྱི་དྲ་བའི་རྩོམ་སྒྲིག་པས་གདེང་འཇོག་བྱས་དོན།  བན་ཏེ་ཚེ་རིང་གི་སྙན་ངག་ནི“འབྲོག་གླུའི་བསམ་ཚུལ་དང་རང་བྱུང་མཛེས་ལྗོངས་ཟུང་དུ་འབྲེལ་བའི”རྣམ་པ་ལས་བརྒལ་ཏེ“ང”ཞེས་པ་ཁོ་ན་བརྗོད་དོན་དུ་འཛིན་པའི་འབྲི་སྟངས་ལས་རིང་དུ་གྱེས་ནས་ཅུང་རང་རྐྱ་འཕེར་བའི་རྩོམ་གཤིས་ཤིག་ཆགས་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།