logo

༄༅། །ལོ་རྒྱུས་ཐོག་བྱུང་བའི་རིམས་ནད་འགོག་ཚུལ་དང་དེ་རིང་གི་ཐབས་ཇུས། 

རྩོམ་པ་པོ།:ཟམ་ཚ་ཚེ་རིང་དོན་གྲུབ། ཡོང་ཁུངས།:ཨ་མྱེས་གཉན་ཆེན་སྤྱི་སྟེགས། དུས་ཚོད།:2021-11-02 ཀློག་གྲངས།:
༄༅། །ལོ་རྒྱུས་ཐོག་བྱུང་བའི་རིམས་ནད་འགོག་ཚུལ་དང་དེ་རིང་གི་ཐབས་ཇུས། 
ཟམ་ཚ་ཚེ་རིང་དོན་གྲུབ།
        ཐེངས་འདིའི་རིམས་ནད་སྔོན་འགོག་ལ་བོད་སྨན་གྱིས་བྱས་རྗེས་བཞག་དང་འཇོག་བཞིན་པའི་གནས་ཚུལ་བརྙན་འཕྲིན་དང་དྲ་ལམ་སོགས་ན་རབས་དང་རིམ་པ་མཐོང་རྒྱུ་ཡོད་པ་དང་། ཁྱད་པར་དུ་ཨམ་རྗེ་ཀྲུང་ནན་ཧྲན་ལགས་ཀྱིས་བོད་སྨན་གྱི་ཕན་ནུས་ཞལ་གྱིས་བཞེས་པ་རླུང་ལྟར་གྲགས། ཐང་ཡིག་གསར་རྙིང་དུ་ཐང་བོད་གཡུལ་འགྱེད་མང་དུ་བྱུང་བའི་ནང་། བོད་པས་སོས་ཀའི་དུས་དང་དབྱར་དུས་སུ་ནད་རིམས་ལ་དོགས་ནས་དམག་མཚམས་འཇོག་པར་བཤད་ཅིང་། བཙན་པོ་འབྲོང་གཉན་ལྡེའུ་ཀླུ་ནད་ཀྱིས་ཐེབས་པར་བཙུན་མོ་དང་བཅས་གསོན་དུར་དུ་ཕེབས་ནས་ལོག་བཀར་བྱས། དེར་མ་ཟད་འཚོ་ཆས་སྐྱེལ་ཡོང་སྐབས་སྒང་ནས་དུང་བརྡ་བརྒྱབ་པ་དང་བཙན་པོ་ཡབ་ཡུམ་ནང་དུ་བཞུགས་ནས་སྡོད་ཅིང་། འཚོ་ཆས་གསོན་མཆད་ཟླུམ་པོའི་འཁྲིས་སུ་བཞག་ཚར་བ་དང་། བརྡ་དང་བཅས་སྐྱེལ་མི་རྣམས་སླར་ལོག་པར་བཤད། མཁན་སློབ་ཆོས་གསུམ་གདན་འཛོམས་ཀྱི་དུས་སུ་བཻ་རོ་ཙ་ན་དང་གངས་ཅན་གསོ་རིག་གི་ཤིང་རྟ་ཆེན་པོ་གཡུ་ཐོག་པ་ཆེན་པོས་གཙོ་མཛད་པའི་ཕྱོགས་རིགས་ཀྱི་ལྷ་རྗེ་མང་པོས་གསོ་རིག་གི་བསྟན་པ་ནམ་ལངས་ལ་ཉི་ཤར་ལྟར་མཛད་པའི་ནང་ནས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་གསོ་རིག་གི་མཛད་པ་ངོ་མཚར་བ་བསྐྱངས་ཤིང་། རིམས་ནད་འགོག་པའི་ཞལ་གདམས་གནང་བ་ནི། 
ལུང་བའི་མདའ་དང་སྒོ་བསྲུང་དང་། །
འཇུག་པའི་སྒོ་གསུམ་བགག་པ་དང་། །
གྲོང་ཁྱེར་འདྲེས་ཐག་གཅོད་པ་གལ། །
        ཞེས་གསུངས་པ་ལྟར། ནད་ཡམས་བྱུང་བའི་དུས་སུ་ནག་པོ་དགུ་སྦྱོར་སོགས་རིམས་འགོག་གི་སྨན་སྣ་གང་བཟང་བསྟེན་པ་མ་ཟད། ས་ཆ་དང་ཡུལ་ལུང་གཅིག་ནས་བྱུང་བའི་རིམས་ནད་དེ་ས་ཡུལ་གཞན་ལ་འགོས་མཆེད་མི་ཡོང་བའི་ཐབས་དམ་པ་གཅིག་ནི་འགྲུལ་རྒྱ་ལམ་རྒྱ་བསྡམས་པ་འདི་རིགས་གལ་ཆེ་བ་དང་། ན་ནིང་དོ་ཚིགས་རང་རེའི་རྒྱལ་ཁབ་ཀྱིས་ཚན་རིག་དང་མཐུན་པའི་སྲིད་འཛིན་དོ་དམ་ནན་མོས་འགྲུལ་རྒྱ་ལམ་རྒྱ་བསྡམས་ཤིང་། གྲོང་ཁྱེར་དང་གྲོང་ཁྱེར་བར་གྱི་འདྲེས་ཐག་གཅོད་པའི་ཐབས་ཚུལ་ལ་བརྟེན་ནས་ནད་ཡམས་ལས་རྒྱལ་བ་མིག་མཐོང་ལག་ཟིན་དང་། རྒྱལ་ཁབ་གཞན་གང་གིས་ཀྱང་འགྲན་གྱི་དོ་མི་འོང་བ་ལྟ་བུ་ཆགས་པ་དང་། ཁྱད་པར་དུ་སློབ་དཔོན་རིན་པོ་ཆེའི་ཞལ་གདམས་ཀྱི་ལག་ལེན་ཇི་བཞིན་བྱུང་བའི་ན་ནིང་དོ་ཚིགས་ཀྱི་སྒོ་གསུམ་བགག་པའི་(གཞུང་ལམ། ཟམ་ཁ་དང་གྲུ་ཁ། མཁར་སྒོ་དང་ལུང་སྒོ། སྲང་མདོ་དང་ལུང་མདོ་བཅས་ལ་གོ)སྲིད་ཇུས་ལག་བསྟར་བྱས་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་བླ་མེད་དང་ཚེ་སྲོག་བླ་མེད་ཀྱི་ལག་ལེན་དངོས་ཡིན་པའི་བསམ་ཤེས་ཀྱིས་རང་རང་ས་ནས་ཁུ་སིམ་མེར་སྡོད་པ་འདི་གཅེས་སོ། །
༢༠༢༡ལོའི་ཟླ་༡༡པའི་ཚེས་༢ཉིན།
འབྲེལ་ཡོད་འོས་སྦྱོར།