logo

༄༅། །ཕ་སའི་ཁབ་སྐུད་ཀྱིས་བཙེམས་པའི་ལྷུག་རྩོམ་གྱི་སློག་པ་དྲོན་མོ།

རྩོམ་པ་པོ།:དབྱངས་འབུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-11-16 ཀློག་གྲངས།:
༄༅། །ཕ་སའི་ཁབ་སྐུད་ཀྱིས་བཙེམས་པའི་ལྷུག་རྩོམ་གྱི་སློག་པ་དྲོན་མོ།
                                                                     ——པད་མ་རིག་འཛིན་གྱི«ལྷ་གནས་བྲག་དཀར་སྤྲེལ་རྫོང»བཀླགས་པ།
ནུབ་བྱང་མི་རིགས་སློབ་ཆེན། དབྱངས་འབུམ་ཚེ་རིང་།
གཅིག གླེང་སློང་བ།
        རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བའི་འགྲོས་དང་འགྲོགས་ནས། བོད་ཡིག་གི་དུས་དེབ་སྣ་ཚོགས་ཀྱང་གཞུང་སྒེར་གཉིས་ནས་ཆར་རྗེས་ཀྱི་ཤ་མོ་བཞིན་པར་སྐྲུན་བྱས་པར་མ་ཟད། སྒེར་དེབ་ཀྱང་ཟམ་མ་ཆད་པར་གཅིག་འཕྲོར་གཅིག་བྱས་ནས་བྱུང་ནའང་། ལྷུག་རྩོམ་གྱི་གསར་རྩོམ་དང་ཞིབ་འཇུག་གི་ལས་ཀ་ནི་སྔར་བཞིན་ཉམ་ང་ཉག་ཕྲ་བའི་གནས་བབ་ལས་ཡུན་རིང་པོར་ཐར་མ་ཐུབ། ཡིན་ནའང་ཉེ་བའི་ལོ་འདི་དག་གི་ནང་ལ་མི་རིགས་དཔེ་སྐྲུན་ཁང་སོ་སོ་ནས་དཔེ་ཚོགས་སྐོར་ཞིག་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཁྲོད་དུ། ལྷུག་རྩོམ་གྱི་སྒེར་དེབ་སྐོར་ཞིག་ཀྱང་རིམ་གྱིས་བོད་ཀྱི་རྩོམ་སྟེགས་སུ་ཕེབས་པའི་སྐལ་བ་ལྡན་པར་གྱུར་ཏེ། དཔེར་ན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ཚེ་རིང་རྣམ་དྲུག་དཔེ་ཚོགས་ཞེས་པའི་ལྷུག་རྩོམ་དཔེ་ཚོགས་དཔེ་ཆ་དྲུག་གི་བདག་ཉིད་ཅན་ཞིག་དང་། བོད་ཀྱི་ལྷུག་རྩོམ་གསར་པའི་དེབ་ཕྲེང་ཞེས་པའི་ལྷུག་རྩོམ་དེབ་ལྔ་ཡིས་གྲུབ་པའི་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས་ཞེས་པའི་ལྷུག་རྩོམ་གྱི་ཆེད་དེབ་དྲུག་གིས་གྲུབ་པ་ཅན། དེ་བཞིན་དུས་རབས་ཉེར་གཅིག་པའི་རྩོམ་པ་པོའི་དེབ་ཕྲེང་དང་གཟི་མིག་དཔེ་ཚོགས། གཡུ་ཆུང་དྲུག་དཀར་དཔེ་ཚོགས། མཚོ་ལྷོའི་རྩོམ་རིག་དཔེ་ཚོགས། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས། མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས་སོགས་ཀྱིས་མཚོན་པའི་དཔེ་ཚོགས་མང་པོ་ཞིག་ཏུའང་ལྷུག་རྩོམ་རྐྱང་པའི་སྒེར་དེབ་དང་མི་སྒེར་གྱིས་པར་སྐྲུན་བྱས་པའི་སྒེར་དེབ་སོགས་ལྷུག་རྩོམ་གྱི་དེབ་བཅུ་ཕྲག་འགའ་པར་སྐྲུན་བྱས་པ་དེས། བོད་ཀྱི་རྩོམ་རིག་གི་སྐྱེ་ཁམས་དོ་མཉམ་དང་རྩོམ་ཐབས་སྣ་མང་ཅན་དུ་བྱས་ཏེ། རྩོམ་རིག་གི་སྐྱེད་ཚལ་ཡངས་པོ་རུ་བཀྲག་མདངས་རྣམ་པར་བཀྲ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་པར་བྱས་བྱུང་།
        སྐབས་སུ་བབ་པའི་གླེང་བྱ་ནི་པད་མ་རིག་འཛིན་ནམ་ཕ་བོང་ལགས་ཀྱིས་བརྩམས་པའི«ལྷ་གནས་བྲག་དཀར་སྤྲེལ་རྫོང»ཞེས་པའི་ལྷུག་རྩོམ་གྱི་ཆེད་དེབ་དེ་ཡིན་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2020ལོའི་ཟླ10པར་སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས་ཞེས་པའི་དཔེ་ཚོགས་ཁྲོད་བདམས་ནས་པར་སྐྲུན་བྱས། དེབ་འདི་བཀླགས་པ་ན་བྱིས་དུས་སམ་ཕ་ཡུལ་གྱི་གྲུ་ཟུར་གང་རུང་ཞིག་ཡིད་སེམས་ཀྱི་གཏིང་ནས་འཛུམ་སྟེ། དུས་ཚོད་ཀྱིས་ཁྱེར་ཅིང་བསྐྱལ་ཡོང་བ་ཐམས་ཅད་ལ་ཡང་ཡང་ཞིབ་ལྟ་དང་གཟབ་ཉན་མ་བྱས་ཐབས་མེད་བྱུང་སོང་། འདི་ནི་རྩོམ་རིག་གི་མཉམ་འུར(共鸣)ཡིན་སྲིད་དེ། ཡུས་ཀོང་ཀྲུང(余光中)གིས་རྩོམ་ལུས་ཡོད་ཚད་ཀྱི་ཁྲོད་ནས་ལྷུག་རྩོམ་ནི་མི་སེམས་དང་ཆེས་ཁ་ཐག་ཉེ་ཞིང་། ཟོལ་བཅོས་རྫུ་བག་དང་བྲལ་བའི་སྐད་ཆ་དེ་ཡིན་པར་གསུངས་པ་ནང་བཞིན། བདེན་དངོས་ནི་ལྷུག་རྩོམ་གྱི་ཐུན་མིན་ཁྱད་ཆོས་དེ་ལགས་པས། ཀློག་མཁན་ང་ལ་སིམ་གདུང་བར་མའི་ཚོར་བ་ཅི་རིགས་ཀྱིས་ཡིད་ཀྱི་ག་ཤེད་ཅིག་ལ་ཟ་འཕྲུག་བསླངས་པའི་རང་གི་མྱོང་བ་ཙམ་པོ་དེ་གླེང་བར་བྱའོ། །
གཉིས། ལྷུག་རྩོམ་གྱི་སློག་པ་ལུས་དང་འབྲལ་མ་མྱོང་བའི་རྩོམ་པ་པོ།
        དེ་ཡང་དངོས་མིང་ལ་པད་མ་རིག་འཛིན་དང་སྨྱུག་མིང་ལ་ཕ་བོང་ཞེས་འབོད་པ་འདི་ནི། མཚོ་ལྷོ་བྲག་དཀར་རྫོང་ཁྲ་རྡེའུ་སྡེ་བ་ནས་སྐྱེས་ཤིང་། སློབ་གྲྭ་རིམ་པར་འགྲིམས་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་རྗེས། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གནས་སུ་ཞུགས་ཤིང་། ཞོར་དུ་རྩོམ་འབྲི་དང་བཅས་པའི་རྩོམ་རིག་གི་ལས་ཀ་སྣ་ཚོགས་གཉེར་བཞིན་པ་ཞིག་སྟེ«ལྷུག་རྩོམ་ནི་ཁ་དོག་ཅིག་ཡིན»ཞེས་པ་རུ། “དེ་ཡང་ལོ་ཟླ་མང་པོ་ཞིག་གི་སྔོན་དུ་རྩོམ་ཞེས་པ་འདིར་དགའ་ཞིང་ལམ་འདིར་ཞུགས་པ་ནས་བཟུང་ངས་ལྷུག་རྩོམ་བྲིས་པ་ཡིན་ལ་མི་ཆེ་གེ་མོས་ཁྱོད་ཀྱིས་ཅི་ཞིག་འབྲི་བཞིན་ཡོད་ཅེས་དྲིས་ཚེའང་ངས་ཕྱིར་ལྷུག་རྩོམ་འབྲི་བཞིན་ཡོད་ཅེས་ཤེས་མིན་རྨོངས་ཞེན་ནམ་ཡིད་ཆེས་ཀྱིས་ལན་བཏབ་པ་ཡིན”ཞེས་དང་། “འཚོ་བ་ནི་ཁ་དོག་བཞི་དང་ཁ་འབྲལ་ཐབས་དབེན་པ་བཞིན་ང་རང་ཡང་ལྷུག་རྩོམ་གྱི་ཁ་དོག་སྣ་ཚོགས་ལ་དམ་དུ་འཁྱུད་ཅིང་གང་དེ་སྡེབ་ཅིང་སྦྱོར་བར་དཀའ་སྡུག་གིས་འཇུག་པར་ཧ་ཅང་མོས་སོ”ཞེས་པ་ལྟར། ཁོ་ནི་བོད་ཀྱི་རྩོམ་པ་པོའི་སྡེ་ནས་ལྷུག་རྩོམ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་གྲས་ཡིན་ཏེ། བརྩམས་ཆོས་ལ«བསླེ་མི་ཚར་བའི་མེ་ཏོག་གི་ཕྲེང་བ»དང«རེ་འདུན་ཆུ་མིག་དགུ་སྒྲིལ»«དོག་མོ་ས»སོགས་བརྒྱ་ཕྲག་ལྷག་ཡོད་ཅིང་། བསྒྱུར་རྩོམ་ལ་ཡང«སྤེན་གྲོང་ལོག»སོགས་སུམ་ཅུ་ལྷག་འདུག ལྷུག་རྩོམ་ཉིང་བཏུས་བྱས་པའི་དེབ་ལ«དོག་མོ་ས»དང«ལྷ་གནས་བྲག་དཀར་སྤྲེལ་རྫོང»གཉིས་ཡོད་ལ།ལྷུག་རྩོམ་དེབ«དོག་མོ་ས»ནི་ཆོས་སྐྱོང་གིས་རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་འདུག 2014ལོར་ཁོའི་ལྷུག་རྩོམ་ལ་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ། གཞན་ཡང་ཁོ་རང་གསར་རྩོམ་གྱི་ལས་ལ་ཞུགས་ནས་ད་ལྟའི་བར་དུ་ལྷུག་རྩོམ་ཞིབ་འཇུག་གི་ལས་ལའང་གཞོལ་གྱིན་འདུག་སྟེ། ཁོའི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་ལ«བོད་ཀྱི་ལྷུག་རྩོམ་གྱི་བྱུང་འཕེལ་དང་ཁྱད་ཆོས་སྐོར་གྱི་ཐོག་མའི་དཔྱད་པ»ཞེས་པ་བྲིས་པར་མ་ཟད། «རྩོམ་རིག་མིའི་རིགས་རིག་པའི་ལམ་ནས་གཏམ་རྒྱུད་གསེར་ཐང་གི་ཁྱད་ཆོས་ལ་དཔྱད་པ»སོགས་དཔྱད་རྩོམ་བཅུ་ལྷག་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་བཀོད།
        དེ་ལྟར་ན་ཁོ་ནི་དུས་དང་རྣམ་པ་ཀུན་ཏུ་ལྷུག་རྩོམ་གྱི་ཕྱི་ནང་གསང་གསུམ་ལ་བློ་ཁ་ཕྱོགས་མཁན་ཞིག་ཡིན་ཏེ།ཁོའི་ལྷུག་རྩོམ«བརྒྱུད་རིམ་ཞིག»ཅེས་པར་ཁོ་རང་གིས་རྩོམ་ལུས་དུ་མར་ཚོད་ལྟ་བྱས་ཏེ།མཐར་ལྷུག་རྩོམ་ལ་འཇུག་རྒྱུར་སེམས་ཐག་བཅད་ཅིང་།དེ་ཡང་རྒྱུ་རྐྱེན་གཙོ་བོ་གཉིས་ཏེ། གང་དྲན་ལྷུག་པོར་བརྗོད་ཆོག་པའི་རྩོམ་སྟངས་ཀྱི་རང་དབང་དང་གསར་རྩོམ་བྱེད་མཁན་མང་ཡང་ལྷུག་རྩོམ་ལ་འཇུག་མཁན་ཉུང་བའི་ཕྱི་ནང་རྒྱུ་རྐྱེན་རྟེན་འབྲེལ་གཉིས་ལ་སྦྱར་འདུག་པ་བཞིན།ཁོ་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོར་གཟབ་ནན་དང་ཞིབ་ཚགས་ཀྱིས་འཇུས་ཏེ་ལྷུག་རྩོམ་གྱི་འབྲི་ཐབས་སྣ་ཚོགས་ལ་ཚོད་ལྟ་དང་ལག་ལེན་བགྱིས་ཤིང་།ལྷུག་རྩོམ་གྱི་སློག་པ་དྲོན་མོ་དེ་དགའ་སྐྱོ་ཆགས་སྡང་གིས་གཏམས་པའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་དང་ཁ་འབྲལ་མ་མྱོང་མཁན་ཞིག་ཡིན་འདུག
གསུམ། ལྷུག་རྩོམ་ཆེད་དེབ་འདིའི་ཕྱི་ནང་གསང་གསུམ།
        “རྐང་པ་མེད་པའི་ཚིག་རྒྱུན་ནི། །ལྷུག་པ་བརྗོད་པ་དག་དང་གཏམ། །ཞེས་པ་འདི་ཡི་རབ་དབྱེ་གཉིས། །”ཞེས་སྔ་རབས་རྩོམ་གཞུང་ལྟར་ན་ཚིག་ལྷུག་ཅེས་པ་ཚིགས་བཅད་ལ་བལྟོས་ཏེ་བཏགས་པ་དང་དབྱེ་བ་གཉིས་སུ་ཕྱེ་འདུག་ནའང་། བོད་ཀྱི་མཁས་པ་དག་ལས་དབྱེ་བ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་མཁན་ཡང་ཤིན་ཏུ་མང་པོ་འདུག ཉེ་བའི་ཆར་ཞིབ་འཇུག་པ་དག་གིས་དེ་གཉིས་སོ་སོར་ཕྱེ་སྟེ། གཏམ་ནི་སྒྲུང་གཏམ་སོགས་དོན་གྱི་བྱུང་བ་བརྗོད་པའི་རིགས་ལ་གོ་ན་འགྲིག་ཅིང་། བརྗོད་པ་ནི་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་ལ་གོ་ན་འགྲིག་ཚུལ་བྲིས་འདུག་པ་བཞིན། ད་ལྟའི་སྒྱུ་རྩལ་རྩོམ་རིག་རིགས་བཞི་རུ་དབྱེ་བའི་སྐབས་ཀྱི་ལྷུག་རྩོམ་ལའང་དོན་བརྗོད་དང་ཡིད་འགྱུར། དཔྱད་གླེང་བཅས་རིགས་གསུམ་དུ་དབྱེ་བ་སོགས་དབྱེ་ཚུལ་མང་དུ་འདུག་ལ། རྩོམ་རིག་སྤྱི་ལའང་དོན་བརྗོད་དང་ཡིད་འགྱུར་གཉིས་སུ་དབྱེ་བ་འདི་གནའ་དེང་གཉིས་ལ་རྒྱུག་ཆེ།
        དེས་ན་པད་མ་རིག་འཛིན་ལགས་ཀྱི«ལྷ་གནས་བྲག་དཀར་སྤྲེལ་རྫོང»ཞེས་པའི་དེབ་འདི་རུ་ཁྱོན་བསྡོམས་བརྩམས་ཆོས་ཉེར་གཉིས་བཀོད་འདུག་ཀྱང་མཇུག་བྱང་གི་ཚབ་ཏུ་ཁོ་ལ་འབའ་སྨད་རྒྱལ་ལོ་ཚེ་རིང་ལགས་ནས་བཅར་འདྲི་བྱས་པའི«ལྷུག་རྩོམ་ནི་སློག་པ་དྲོན་པོ་དེ་ཡིན»ཞེས་པ་བཀོད་འདུག་སྟེ། དེ་བླངས་རྗེས་སུ་ལྷུག་རྩོམ་ཉེར་གཅིག་གིས་དེབ་འདི་གྲུབ་འདུག་ཅིང་། སྔ་མའི་ལྷུག་རྩོམ་དེབ«དོག་མོ་ས»རུ་བཀོད་ཟིན་པའི་ལྷུག་རྩོམ་གསུམ་དེབ་འདིར་བསྐྱར་འགོད་བྱས་འདུག ཁོའི་ལྷུག་རྩོམ་ཕལ་ཆེར་ནི་དོན་གྱི་བྱུང་བ་བརྗོད་པའི་རིགས་སུ་གཏོགས་པ་བཞིན། དེབ་འདིའང་དོན་བརྗོད་ལྷུག་རྩོམ་བཅུ་བཞི་དང་ཡིད་འགྱུར་ལྷུག་རྩོམ་བདུན་གྱིས་གྲུབ་འདུག་ལ། དེ་དག་ལས་ཀྱང«རིམས་འགོག་རེག་ཟིག»«རྟའུ་ཤོད་ཆེན་ལྗོངས»«སྤྲེལ་ལོ་དང་འབྲེལ་བའི་གཏམ»ལྟ་བུའི་གསར་འགྱུར་རྩོམ་ཡིག་དང་འདྲ་བའི་དངོས་བྲིས་སྐོར་ཡོད་ལ། «ལྷུག་རྩོམ་ནི་ཁ་དོག་ཅིག»དང«བརྒྱུད་རིམ་ཞིག»ལྟ་བུའི་རང་གི་གསར་རྩོམ་གྱི་མྱོང་བ་བརྗོད་པ་ལྟ་བུའི་འབོལ་རྩོམ་གྱི་རིགས། «ཁ་ཕྱོགས་ནོར་བ»ལྟ་བུའི་གཏམ་རྒྱུད་ཀྱི་བྱུང་རིམ་ཤུགས་ཆེ་བ་ཡང་རེ་འགའ་འདུག་པ་བཅས་ཀྱིས་ལྷུག་རྩོམ་དང་རྩོམ་ལུས་གཞན་པའི་ས་མཚམས་ཆུ་མཚམས་དབྱེ་བ་ལ་དོ་བསྡོ་བཞིན་པ་དང་མཚུངས་ལ། ཁོས་ལྷུག་རྩོམ་གྱི་འབྲི་ཐབས་སྣ་ཚོགས་ལ་ཚོད་ལྟ་དང་ལག་ལེན་བྱེད་ཀྱིན་ཡོད་པ་ཡང་ཚོར་ཐུབ་སྟེ། ཁོས་སྔོན་མ་ལྷུག་རྩོམ་གྱི་ཆེད་དེབ«དོག་མོ་ས»རུ་བོད་ཀྱི་སྲོལ་རྒྱུན་རྩོམ་ཐབས་ལས་ཆ་བསགས་སམ་རྒྱུན་ཆགས་ཀྱི་རྒྱན་བེད་སྤྱད་ནས་བྲིས་པའི་ལྷུག་རྩོམ་སྐོར་ཞིག་ཡོད་པ་བཞིན། དེབ་འདིའི་ནང་དུ་བཀོད་པའི«མེས་པོར་འཁྲུངས་པའི་བཏུལ་ཐང»དུའང་ཐིག་ཕྲེང་བཅུ་ལྷག་གིས་གྲུབ་པའི་དུམ་ཚན་གཅིག་རེ་ཚིག་རྐང་གཅིག་གིས་བྲིས་པ་ལྟ་བུའི་སྔར་སྲོལ་མ་ཡལ་བའི་འབྲི་ཐབས་འདི་འདྲའང་སྤྱད་ཡོད་པ་ལྟ་བུའོ། །
        “སྤྱིར་ན་བརྗིད་པ་ཚིག་སྡུད་མང་པོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས། །”ཞེས་ཚིག་ལྷུག་ལ་ཚིག་སྡུད་ཆེ་བ་ནི་ཁྱད་ཆོས་ཤིག་ཏུ་འདོད་ནའང་། དེབ་འདིའི་ནང་གི་ལྷུག་རྩོམ་རེ་རེའི་རྗོད་བྱེད་ཚིག་ནི་ཁ་དམ་ལ་ཚིག་བརྗིད་པོའི་རིགས་སུ་གཏོགས་པ་ཉུང་ཞིང་། མངོན་བརྗོད་དང་རྒྱན་སྣ་ཚོགས་ཀྱིས་བཅིངས་པའང་མེད་པར་ཕལ་སྐད་དམ་གོ་བདེ་ལ་རྒྱུག་ཆེ་བའི་ཐ་སྙད་སྤྱད་དེ་ཚིག་གི་ཕྲེང་བ་སྤེལ་བ་ཡིས།བརྗོད་བྱའི་དོན་རྣམས་ཀྱང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་སྟོན་པ་མ་ཡིན་པར།འཚོ་བ་དང་ཁ་ཐག་ཉེ་བའི་མཐོང་ཐོས་ཅི་རིགས་བདམས་པ་ལས། རྩོམ་པ་པོས་སྤྱིར་བཏང་གི་རྗོད་བྱེད་ཚིག་གིས། ཆེས་སྤྱིར་བཏང་གི་བརྗོད་བྱའི་དོན་བྱེ་བྲག་པ་རྣམས་མངོན་ཆུང་དང་སྟབས་བདེ་ཡིས་ཕྱིར་མཚོན་བྱས་པ་ན། དེ་ནི་སྤྱིར་བཏང་མ་ཡིན་པར་སྟོབས་དང་ལྡན་ལ་རིན་ཐང་གིས་ཕྱུག་པའི་བྱ་དངོས་རེ་རེར་གྱུར་འགྲོ་བའི་རྩོམ་ཐབས་འདི་འདྲ་ནི། རྩོམ་པ་པོ་ཞིག་གི་རྩོམ་གཤིས་ཀྱང་རེད་སྙམ་བྱུང་སྟེ།རྩོམ་གཤིས་ནི་སོ་སོའི་གཤིས་ཀ་ལའང་རག་ལས་སོ་སྙམ། དེ་བཞིན་དུ་མཇུག་བྱང་གི་ཚབ་ཏུ་བཀོད་པའི་བཅར་འདྲིའི་ནང་དུ་རྩོམ་པ་པོ་མི་སྒེར་གྱི་ལྷུག་རྩོམ་དང་འབྲེལ་བའི་ལྟ་བ་དང་དགོངས་འཆར་ལྷུག་པོར་བསྩལ་འདུག་པས། དེ་ལས་ཀྱང་དེབ་འདི་དང་རྩོམ་པ་པོ་ལ་རྒྱུས་ལོན་རགས་པ་ཞིག་བྱེད་ཐུབ།
བཞི། ཕ་སའི་ཕྲེང་ཐག་ལ་བརྒྱུས་པའི་ལྷུག་རྩོམ་གྱི་ཕྲེང་རྡོག་རེ་རེ།
        རང་རེའི་རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་དང་འགྲོགས་ཏེ། གྲོང་ཁྱེར་ཅན་གྱི་འཛུགས་སྐྲུན་གཞི་རྒྱ་ཇེ་ཆེར་གྱུར་པ་དང་བསྟུན་ནས།ཞིང་གྲོང་གི་འཚོ་བ་རོལ་སྟངས་སོགས་ལ་འཕོ་འགྱུར་རབ་དང་རིམ་པར་བྱུང་ཞིང་། དེས་ནི་ཕ་ས་དང་འབྲེལ་བའི་འདས་སོང་གི་གཏམ་རྒྱུད་མང་པོ་ཞིག་དྲན་པའི་ཁྲོད་རབ་རིབ་མག་མོག་ཏུ་གྱུར་ཅིང་། འཆར་ཡན་གྱིས་ཕྱུག་སྟེ་གནས་པ་ན། དེབ་འདིའི་རྩོམ་པ་པོས་དེ་ལྟ་བུའི་སྐད་ཅིག་མའི་ཚོར་བ་རེ་རེ་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྡམས་ཏེ། རང་གི་བླ་སྲོག་གི་བསྟི་གནས་ལྟ་བུའི་ཕ་ཡུལ་དེ་ཡང་བསྐྱར་དྲན་པའི་ཁྲོད་བཞེངས་སྐྲུན་བྱས་ཤིང་། ཡི་གེའི་གཟུགས་ཀྱིས་ཕྱིར་མཚོན་བྱས་པས་ལྷུག་རྩོམ་འདི་དག་གྲུབ། དེབ་འདིའི་ནང་དུ་བཀོད་པའི་ལྷུག་རྩོམ་ཉེར་གཅིག་གི་བརྗོད་བྱའི་ཁྱབ་ཁོངས་ཅུང་ཁྱབ་ཆེ་ནའང་། དེ་དག་ལས་ཕལ་ཆེ་བ་ང་དང་ཕ་ཡུལ་གྱི་རི་ཆུའི་སྐོར། ང་དང་ཕ་མ་སྤུན་གྲོགས་ཀྱི་སྐོར་བཅས་ཆེ་ཁག་གཉིས་ཀྱི་ནང་དུ་བསྡུས་ན་ཆོག་པ་འདྲ་སྟེ། དེ་དག་གི་བར་དུ་མི་མངོན་པའི་སྦྲེལ་ཐག་ཅིག་འདུག་སྟེ། རྩོམ་གྱི་མགོ་མཇུག་ཀུན་ཏུ་བྱུང་དང་འབྱུང་གིན་པའི་བདག་ནི་ལྟེ་བ་བྱས་ཏེ།བརྩེ་སེམས་དང་དུངས་ཞེན་གྱི་ཁ་དོག་སྣ་ཚོགས་ཀྱིས་བྲེས་ཤིང་བསླེས་པའི་མི་མངོན་པའི་ཐག་པ་ཞིག་གིས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྡམས་འདུག་སྟེ། བརྩེ་གདུང་ཟབ་མོ་ཡིས་འདས་པའི་པང་དུ་ཡང་ཡང་ལོག་ཅིང་ལོ་རྒྱུས་ལ་ཕྱི་མིག་ལྟ་བཞིན། མདུན་སྐྱོད་ཀྱི་སྲབ་སྐྱོགས་སྐབས་རེར་འཐེན་ཅིང་ལན་རེར་གློད་ནས། འཕོ་འགྱུར་ལ་བསྟོད་གླུ་དང་ཐོབ་ཤོར་ལ་རེ་དོགས་ཀྱིས་འགན་འཁྲིའི་གཏམས་པའི་མི་བུ་ཞིག་གི་ནང་སེམས་ཀྱི་འགལ་འདུ་སྣ་ཚོགས་ཕྱི་རུ་མངོན་པར་མཚོན་འདུག
        དེ་ཡང་རྩོམ་པ་པོས«ཕ་ཡུལ་གྱི་རང་རྣམ»ཞེས་པའི་ལྷུག་རྩོམ་དུ། “ང་ལ་མཚོན་ན། བྱེས་སུ་འཁྱམས་ནས་ཡུན་རིང་འགོར་རྗེས། ཕྱིར་ཕ་ཡུལ་དུ་ལོག་པའི་ཉིན་དེ་ནས་བཟུང་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་རྩྭ་རྩི་ཤིང་དག་ལ་སྔར་མེད་ཀྱི་བརྩེ་བ་ཟབ་མོ་ཆགས་མགོ་བརྩམས་ཤིང་འདས་དུས་ཀྱི་ཕྱིར་དྲན་ཡོད་ཚད་ཀྱང་ཕ་ཡུལ་གྱི་ཉག་ག་དག་ནས་ས་རྡུལ་དང་ལྷན་དུ་བཞུར་བའི་ལུག་ཁྱུ་ལྟར་མག་མོག་གིས་གནས་ནས་ཡང་བསྐྱར་ཇེ་གསལ་ཇེ་གསལ་དུ་གྱུར་པའི་སྣང་བ་ཞིག་འཁྲུལ་མེད་དུ་སྐྱེས་འོང་། དེ་ནས་བཟུང་ཕ་ཡུལ་གྱི་གཏམ་རྒྱུད་དང་ལྷན་དུ་འཚོ་མགོ་བརྩམས་ལ་སྙེལ་གྱིན་པ་མང་པོ་ཞིག་ནན་ཏན་གྱིས་ཡང་བསྐྱར་བཙལ་བ་ཡིན”ཞེས་གསར་རྩོམ་གྱི་ས་བོན་དང་བཅས་པའི་སྦྱོར་དངོས་རྗེས་གསུམ་ནི་ཕ་ས་ཕ་ཡུལ་དང་འབྲེལ་བའི་ཚུལ་བྲིས་འདུག་པ་བཞིན། དེབ་འདིའི་ལྷུག་རྩོམ་ཉེར་གཅིག་ལས་ལྷུག་རྩོམ་ཕལ་མོ་ཆེའི་ནང་དུ་ཕ་ཡུལ་གྱི་རི་ཆུ་ཁག་ཅིག་གི་མིང་བརྡ་ནི་ཡང་དང་བསྐྱར་དུ་བྱུང་ནས། ཕལ་ཆེར་མེད་ས་མེད་པའི་ཚོད་དུ་འདུག་སྟེ། བྱུང་ཐེངས་མང་བའི་མིང་བརྡ་ལ་ཁྲ་རྡེའུ་དང་གླག་རྡེའུ། བྲག་དཀར་རྫོང་། བྲག་དཀར་སྤྲེལ་རྫོང་། ཆུ་སྔོན་ཆུ།བཏུལ་ཐང་། ཧང་ཆུ།རྩི་གོར་ཐང་། འབྲོང་ཐུ། ཧང་གཞུང་། དཔལ་ཁ་ལྟ་བུ་སྟེ། ཕ་ཡུལ་གྱི་རི་ཆུའི་མིང་མང་པོ་ཡང་ནས་ཡང་དུ་བྱུང་འདུག་པར་མ་ཟད། བྲག་དཀར་སྤྲེལ་རྫོང་དང་ཆུ་སྔོན་ཆུ། བཏུལ་ཐང་ལྟ་བུའི་མིང་བརྡ་སྐོར་ཞིག་ནི་ལྷུག་རྩོམ་རིང་མོ་འགའ་ཡི་བརྗོད་གཞི་གཙོ་བྱས་འདུག་ལ། སྐབས་རེར་ཕ་ཡུལ་གྱི་རི་ཆུའི་མིང་ནི་ཡིད་བརྙན་ཞིག་ཏུ་གྱུར་ནས། སྣང་ལ་མ་ངེས་པ་དང་ཆ་འཇོག་བྲལ་བའི་བསྡུས་དོན་སྣ་ཚོགས་སྟོན་པར་བྱེད་ཅིང་། ཕ་ཡུལ་ཞེས་པའི་མིང་བརྡ་འདི་ཁོ་ནའང་ཁོའི་རྒྱུན་བཀོལ་གྱི་བརྩེ་སེམས་སྟོན་སྤྱད་ཀྱི་ཐ་སྙད་ཅིག་ཏུ་གྱུར་འདུག དེ་བཞིན་དུ་དེབ་འདིའི་ནང་གི་ལྷུག་རྩོམ་ཁག་ཏུ་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཁག་གི་སྐོར་ཡང་སྐབས་ལན་རེར་ཞིབ་འབྲི་བྱས་ཡོད་པར་མ་ཟད། ཡང་ས་གནས་ཀྱི་དམངས་གླུའམ་རི་གླུ་གང་རུང་གིས་རྩོམ་གྱི་བརྗོད་བྱ་སྟོན་པར་གཙོ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་པའི་སྐབས་ཀྱང་ལན་དུ་མར་འདུག་ལ། ས་གནས་ཀྱི་མི་སྣ་སྐོར་ཞིག་གི་ཡར་ཐོན་དང་བརྩོན་སེམས་ཀྱིས་བསྐྱེད་པའི་མཛངས་པའི་ལས་ལའང་སྐད་ཤུགས་མཐོ་རུ་བཏེགས་ནས་བསྟོད་གླུ་ལེན་གྱིན་འདུག
        དེས་ན་དེབ་འདིའི་ནང་གི་ལྷུག་རྩོམ་སྤྱི་ལ་ཕ་ས་ཕ་ཡུལ་གྱི་ཡུལ་ཁོངས་བྱེ་བྲག་པའི་རིག་གནས་ཀྱི་དྲི་བསུང་གིས་ཁྱབ་ཅིང་། འོ་མའི་ངད་ཁ་དང་རྩྭ་ལྗང་མེ་ཏོག་གི་མཛེས་སྡུག རྫ་ཆུ་ལྷུང་ལྷུང་གི་བཞུར་སྒྲ། ལས་དགའ་ལས་བརྩོན་གྱི་ཡུལ་མི། ཁོད་ཡངས་པའི་འབྲོག་ཐང་གི་རྣམ་པ་རེ་རེ་ཕྱིར་དྲན་དང་མཐོང་སྣེ་མི་འདྲ་བ་ནས་བྲིས་ཤིང་། དེ་ལ་དགའ་ཞིང་དུངས་པའི་ཚོར་བ་ཡོངས་སུ་ལུད་པ་འདི་ལས་ཕ་སའི་ལྷུག་རྩོམ(乡土散文)གྱི་རྣམ་པ་དང་ཁྱད་ཆོས་མ་ལུས་མངོན་ཡོང་བས། ཧྲེ་ཧྲུའུ་སིན(佘树森)གྱིས་ཀློག་པ་པོས་ནམ་རྒྱུན་ལྷུག་རྩོམ་ནི་རྩོམ་པ་པོའི་རང་རྣམ་དང་སེམས་གཏམ་ཞིག་ཏུ་རློམ་ནས་ཀློག་པ་རེད་ཅེས་གསུངས་མྱོང་བ་བཞིན། རྩོམ་དེབ་འདི་ལས་རྩོམ་པ་པོས་རང་ཡུལ་རང་གིས་བསྐོར་ཏེ། སྐྱིད་ལ་སྡུག་པའི་གླུ་གཞས་ཀྱི་འགྱུར་ཁུགས་རེ་རེ་ཕ་སའི་དར་རྒུད་ཆགས་འཇིག་དང་སྦྲེལ་ནས་ཡོད་པ་ཞིག་ཏུ་འདོད་དོ། །
ལྔ། མཇུག་བསྡུ་བ།
        སྤྱིར་ན་ལྷུག་རྩོམ་ནི“རྣམ་པར་འགྱུར་བ་ཅི་བྱུང་ཡང་། །སྲོག་གི་དབང་པོ་རབ་ཏུ་བརྟན། །”ཞེས་པ་ལྟར་གྱི་ལུས་ཐོར་ཡང་སྲོག་མི་ཐོར་ཚུལ་འགྲེལ་སྐབས་སུང་ཧྲོ་ཀྲིན(孙绍振)ལགས་ཀྱིས་ཡུལ་གྱི་རྒྱུ་ཆ་ནི་འབྲེལ་མཐུད་རང་བཞིན་དང་ཉེ་མཚུངས་རང་བཞིན། ཁ་ཟུམ(闭合性)རང་བཞིན་ཞིག་ཡིན་མི་དགོས་པར། ནང་གི་ཆགས་སྡང་ནི་ངེས་པར་དུ་ཁྱད་ཆོས་ཐུན་མིན་གྱིས་གཅིག་སྡུད་བྱས་ཏེ་ཉིང་བསྡུས་དང་འཆམ་མཐུན་ཞིག་ཡིན་དགོས་ཞེས་བརྗོད་པ་ལྟར། དེབ་འདིའི་མགོ་མཇུག་བར་གསུམ་གྱི་རྩོམ་ཕལ་མོ་ཆེའི་སྲོག་གམ་བརྗོད་བྱར་གྱུར་པ་ནི་ཕ་ས་ཕ་ཡུལ་རེད། དེབ་འདི་བཀླགས་པའི་གོ་རིམ་ཁྲོད་དུ་ལྷུག་རྩོམ་གྱིས་ནམ་ཡང་བདག་ཉིད་ཕྱིར་མཚོན་བྱེད་པའི་རང་སྣང་རང་བཞིན་མཐོང་ཐུབ་སྟེ། བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་བརྩམས་ཆོས་ཤིག་གིས་ནམ་ཡང་མི་ཉིད་སྒྲོག་ཅིང་། མི་ཡི་ནང་སེམས་འགྲེམ་སྟོན་བྱེད་རྒྱུ་དེ་རེད་ཨང་སྙམ་བྱུང་།
        མདོར་ན་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པའི་ཐབས་ཟབ་མོ་རྒྱུ་འབྲས་མན་ངག་བདུན་ཏེ། འགྲོ་ཀུན་མར་ཤེས་པ།དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག སེམས་བསྐྱེད་བཅས་སུ་བགྲངས་པ་བཞིན། རྒྱུ་འབྲས་རྟེན་འབྲེལ་གྱི་ལྟ་བ་དེ་ཡིས་བསྐྱེད་ཅིང་གསོས་པ་ཡི་ལྷུག་རྩོམ་འདི་དག་གིས་ཀྱང་ཕ་ས་ཞེས་པའི་དྲིན་དང་བརྩེ་སེམས་ཀྱི་བསྡུས་གཟུགས་ཤིག་བཞེངས་སྐྲུན་བྱས་ཏེ། ཕ་དང་མ་ཡིས་མཚོན་པའི་ནང་བཅུད་ཀྱི་སེམས་ཅན་དང་། ཕ་ཡུལ་གྱི་རི་དང་ཆུ་ཡིས་མཚོན་པའི་ཕྱི་སྣོད་འཇིག་རྟེན་གྱི་ས་གཞི་ཆེན་པོ་འདི་གཉིས་ཀྱིས་བསླེས་པའི་ཕྲེང་ཐག་ལ། ལྷུག་རྩོམ་གྱི་ཕྲེང་རྡོག་རེ་རེ་བརྒྱུས་པ་ན།ཕ་ཡུལ་ནི་རྩོམ་པ་པོའི་ནམ་ཡང་འདོར་ཐབས་བྲལ་བའི་ལུས་ངག་ཡིད་གསུམ་གྱི་སྲུང་འཁོར་དང་། རྒྱང་ནས་རྒྱང་དུ་བསྐྱོད་པའི་རྒྱབ་རི་སྨུག་པོ། བྱེས་ནས་ཡུལ་ལ་ལོག་དུས་ཀྱི་ལོག་མལ་དྲོན་མོ་བཅས་ཡིན་པ་ཚོར་ཐུབ་པོ། །
འབྲེལ་ཡོད་འོས་སྦྱོར།