logo

༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་གཟའ་ལྷག་པའི་གླེང་སྟེགས་སྐབས་བཅུ་བདུན་པ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ། དུས་ཚོད།:2021-12-03 ཀློག་གྲངས།:
གཟའ་ལྷག་པའི་གླེང་སྟེགས་སྐབས་བཅུ་བདུན་པ་དང་འཛིན་བདག་གི་ཉམས་མྱོང་བརྗེ་རེས་སྐབས་བཞི་བ།
        དེ་ཡང་སློབ་གྲྭའི་བྱ་འགུལ་དག་ཚགས་སྒྲིག་བྱས་ཏེ་སློབ་ཁྲིད་ཅན་དང་ཚད་ལྡན་ཅན། ཕྱོགས་བསྡུས་དང་མུ་འབྲེལ་རང་བཞིན་དུ་བསྒྱུར་བའི་འཆར་འགོད་དང་། ཤེས་པ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ། འཛིན་བདག་གིས་འཛིན་གྲྭ་སྐྱོང་བའི་ནུས་པ་དང་ཤེས་པ་སྔར་ལས་རྒྱས་པར་དམིགས་ནས། སྤྱི་ཟླ12ཚེས1ཉིན་གྱི་དགོང་མོའི་དུས་ཚོད་བདུན་སྟེང་། ཤེས་རིག་གི་མཆོད་པ་བཤམས་ས། ཤེས་རབ་ཀྱི་སྒྲོན་མེ་སྦར་ས། ལྷག་བསམ་གྱི་དྲི་བསུང་འཐུལ་བའི་གནས་ཁྱད་པར་ཅན་རང་རེའི་སློབ་གྲྭའི་ཤེས་རབ་གླིང་དུ་འཛིན་བདག་ཡོངས་ལྷན་དུ་འཛོམས་ཏེ། གཟའ་ལྷག་པའི་གླེང་སྟེགས་སྐབས་བཅུ་བདུན་པའམ་འཛིན་བདག་གི་ཉམས་མྱོང་བརྗེ་རེས་ཀྱི་བགྲོ་གླེང་སྐབས་བཞི་བ་སློབ་གྲྭའི་བཟོ་ཚོགས་དང་སློབ་དཔྱོད་ཁང་། སློབ་གྲྭའི་གཞུང་ལས་ཁང་། སྲིད་སྟོན་ཁྲུའུ། ལོ་རིམ་ཚན་ཁག་བཅས་ཀྱིས་མཉམ་སྒྲུབ་བྱས།
        ཐོག་མར་སྲིད་སྟོན་ཁྲུའུའི་ཀྲུའུ་རིན་རྒན་བསེ་ཐར་འབུམ་ལགས་ཀྱིས་བྱ་འགུལ་འདི་སྒྲུབ་པའི་དགོས་པ་དང་རིན་ཐང་། འཆར་འགོད། དམིགས་ཡུལ་སོགས་བརྗོད་ཅིང་། འཛིན་བདག་གི་བྱ་བ་ནི་སློབ་གྲྭའི་དར་རྒུད་ལ་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ་དང་སློབ་གྲྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ལག་བསྟར་མཐའ་འཁྱོལ་གནང་མཁན་ཡིན་ཞེས་འཛིན་བདག་གི་བྱ་བའི་གལ་ཆེན་རང་བཞིན་དང་རིན་ཐང་སོགས་གླེང་སྟེ་ཐེངས་འདིའི་གླེང་སྟེགས་ལ་མདོ་འཛིན་བགྱིས།
        གླེང་གཞི་དངོས་ཀྱི་སྐབས་སུ་ཐེངས་འདིའི་གླེང་སྟེགས་ཀྱི་གླེང་བརྗོད་པ་སྟེ། མཐོ་གཉིས་ལོ་རིམ་ཚན་ཁག་གི་འཛིན་བདག་ལྕགས་བྱམས་རྒྱལ་དང་མཁའ་བྱམས་ཚེ་རིང་། ལྕགས་ཐར་བྱམས། དགྲ་འདུལ་ནོར་བུ་བཅས་ནས་གོ་རིམ་བཞིན་གླེང་བརྗོད་གནངས་པ་སྟེ། དེ་ཡང་ཐོག་མར་ཐེངས་འདིའི་གླེང་བརྗོད་པ་མཐོ་གཉིས་ལོ་རིམ་གྱི་ཚན་གཙོའམ་འཛིན་བདག་ལྕགས་བྱམས་རྒྱལ་ལགས་ཀྱིས་གོམས་གཤིས་བཟང་པོ་ཞིག་ཇི་ལྟར་ཆགས་པའི་སྐོར་ནས་གླེང་བརྗོད་བགྱིས་པ་མ་ཟད། རྒྱལ་ཁ་ནི་གོམས་གཤིས་ཤིག་ཡིན་ལ། ཕམ་ཁ་ཡང་གོམས་གཤིས་ཤིག་ཡིན། ཁྱོད་ཀྱིས་གོམས་གཤིས་ལ་འགྱུར་བ་གཏོང་དཀའ་ཡང་། གོམས་གཤིས་བཟང་བོས་ཚབ་བྱས་ཆོག་པ་དང་། རྒྱལ་ཁ་ནི་ལས་སླ་མོ་ཞིག་སྟེ་སྤྱིར་བཏང་གི་ལས་ཀ་སླ་མོ་བསྐྱར་བཟློས་ངང་བསྒྲུབས་ན་གོམས་གཤིས་སུ་འགྱུར་འགྲོ་བས་དེ་འདྲའི་ལས་སླ་མོ་ཞིག་གོ་ཞེས་གླེང་བརྗོད་བགྱིས་པ་མ་ཟད། འཛིན་ཚོགས་ཇི་ལྟར་འཆར་འགོད་བྱ་བ་དང་དེའི་དགེ་བ་དང་རིན་ཐང་སོགས་ཤེས་པ་མཉམ་སྤྱོད་བྱས་སོ། །
        གོ་རིམ་གཉིས་པར་འཛིན་བདག་མཁའ་བྱམས་ཚེ་རིང་ལགས་ཀྱིས་འཛིན་གྲྭའི་དོ་དམ་གྱི་ཕྱོགས་ནས་རང་གི་མྱོང་བ་དང་ཤེས་པ་མཉམ་སྤྱོད་གནངས་པ་སྟེ། འཛིན་བདག་ཅིག་ཡིན་ན་ཆེས་གལ་ཆེ་བ་ནི་སློབ་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། དེ་ནི་མཐར་གཏུགས་ན་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་པ་དང་། འཛིན་གྲྭ་ནི་མེ་ཏོག་ལྡུམ་ར་ཞིག་ཡིན་པས་མེ་ཏོག་སྣ་བརྒྱ་བཞད་ན་ད་གཟོད་མཛེས་ཤིང་སྡུག་པའི་དཔེ་བཞིན། སློབ་མ་སོ་སོའི་ཁྱད་ཆོས་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེན་ཞིག་ཡིན་ཞེས་འདྲ་མཉམ་གྱི་འདུ་ཤེས་དང་སློབ་མའི་ཁྱད་ཆོས་གསོ་སྐྱོང་། སློབ་མ་ལ་རྒྱུས་ལོན་བྱེད་པ་བཅས་ཕྱོགས་གསུམ་ནས་རང་གི་མྱོང་བ་ཀུན་ལ་བརྗོད་དོ།།
        གོ་རིམ་གསུམ་པར་འཛིན་བདག་ལྕགས་ཐར་བྱམས་ལགས་ཀྱིས་སློབ་མ་དཔེ་ཀློག་ལ་སྐུལ་བའི་ཐབས་ཞེས་རང་གི་ལོ་ངོ་དུ་མའི་དཔེ་ཀློག་གི་ཉམས་མྱོང་དང་བསམ་གཞིག་ལས་འཕྲོས་ཏེ། སྔོན་འགྲོའི་ཚུལ་དུ་དཔེ་ཀློག་གི་དགོས་པ་བརྗོད་ཅིང་། དེ་ནས་དཔེ་ཀློག་ལ་མ་ཞུགས་གོང་གི་གྲ་སྒྲིག་བྱེད་སྟངས་ཏེ། དཔེ་ཀློག་ལ་འཇུག་འདོད་ཀྱི་སྤྲོ་བ་བསྐྱེད་སྟངས་དང་། དཔེ་ཀློག་ལ་འཇུག་ཚུལ་གྱི་ཐབས་ལམ་སོགས་ངོ་སྤྲོད་བགྱིས་པ་དང་། བར་དུ་དཔེ་ཀློག་གི་རྒྱུ་ཆ་འདེམས་སྟངས། འཆར་གཞི་བཟོ་ཐབས། དཔེ་ཀློག་དངོས་ལ་འཇུག་ཐབས། རྒྱུན་སྐྱོང་ཐབས་སོགས་ཀྱི་ལྟ་ཚུལ་བཏོན། མཇུག་ཏུ་དཔེ་ཀློག་ལ་སྐུལ་བར་སྐུལ་མཁན་གྱི་འཛིན་བདག་གམ་དགེ་རྒན་ལ་འཛོམས་པའི་ཆ་རྐྱེན་སོགས་རང་གི་མྱོང་བ་དང་འབྲེལ་ནས་གླེང་ངོ་།།
        གོ་རིམ་བཞི་བར་འཛིན་བདག་དགྲ་འདུལ་ནོར་བུ་ལགས་ཀྱིས་འཛིན་བདག་ཅིག་ཡིན་ན་སློབ་མར་བརྩི་མཐོང་བྱེད་པ་དང་བརྩེ་སེམས་བཅངས་དགོས་པ། སློབ་མའི་སློབ་སྦྱོང་གི་དོ་དམ་དང་ཐབས་ལམ།  ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱ་ཐབས་དང་གོམས་གཤིས་སུ་བསྒྱུར་ཐབས། འཛིན་གྲྭའི་ཨུ་ཡོན་འདེམ་བསྐོ་དང་གསོ་སྐྱོང་གི་ཕྱོགས་ནས་རང་གི་མྱོང་བ་ཚངས་པའི་ཐིག་ལ་དྲངས་ཏེ་ཀུན་ལ་ཤེས་པ་མཉམ་སྤྱོད་བགྱིས་སོ།།
        མཇུག་མཐར་ཏང་ཨུ་ཧྲུའུ་ཅུ་གཞོན་པ་རྒན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་གདེང་འཇོག་ཆེན་པོ་གནངས་པར་མ་ཟད། སློབ་གྲྭས་འཛིན་བདག་རྣམས་ལས་ལྷག་བསམ་ཅན་སྐོར་ཞིག་གི་མཛད་པ་གཟེངས་སུ་བསྟད་པ་དང་། སློབ་གྲྭའི་བྱ་བ་དང་འཛིན་བདག་གི་བྱ་བའི་ཁྲོད་ཀྱི་གནད་དོན་ཁ་ཤས་ལ་དབྱེ་ཞིབ་དང་། འཛིན་བདག་དག་ལའང་ཚད་མཐོན་པོས་ཡིད་ཆེས་དང་རེ་བ་བཅངས་ཏེ་ཐེངས་འདིའི་བྱ་འགུལ་ལ་སྤྱི་སྡོམ་བྱས་ཤིང་། ཐེངས་འདིའི་གླེང་བརྗོད་པ་དག་ལ་བཀྲ་ཤིས་ཁ་བཏགས་དང་གཟེངས་རྟགས་དཔང་ཡིག་གནངས་ཏེ་བདེ་བླགས་ངང་མཇུག་བསྡུས་སོ།།
ཚོགས་རའི་ཡུལ་དངོས།
ཚོགས་རའི་ཡུལ་དངོས།
གླེང་བརྗོད་པ་དག་ལ་བཀྲ་ཤིས་ཁ་བཏགས་དང་གཟེངས་རྟགས་དཔང་ཡིག་གནངས་པ།
འབྲེལ་ཡོད་འོས་སྦྱོར།