ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:གཟུངས་སྐྱབས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-15
ཀློག་གྲངས།:
དེང་གི་སློབ་གསོའི་དགོངས་པ་དང་དུས་རབས་ཀྱི་འཕེལ་འགྱུར་ལ་བསྟུན་ནས་སློབ་མའི་སློབ་སྦྱོང་ལ་ཐུགས་ཁུར་བྱེད་པ། དུས་རབས་དང་མཐུན་པའི་སློབ་གསོའི་ལྟ་བ་རྒྱུན་འཁྱོངས། གནའ་བཟང་དེང་སྤྱོད་སོགས་ཀྱི་ལེགས་ཆ་དོན་དུ་གཉེར་ནས་སློབ་མའི་བློར་འཛིན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། བློར་འཛིན་གྱི་སྤོབས་པ་དང་སྙིང་སྟོབས་སྐྱེད་སྲིང་བྱེད་པ། སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྔོག་འདོན་བྱེད་པ་སོགས་ལ་དམིགས་ནས་སློབ་གྲྭའི་མུ་འབྲེལ་བློ་རྒྱུགས་འགྲན་སྡུར་དེ་སྤྱི་ལོ༢༠༢༡ལོའི་ཟླ༡༢ཚེས༡༤ཡི་དགོང་མོར་བདེ་བླག་ངང་སྤེལ།
བྱ་འགུལ་གྱི་དགོས་གལ་རང་བཞིན་གླེང་བཞིན་པ།
སྤྱིར་སློབ་མ་ཞིག་ལ་མཚོན་ན་བློར་འཛིན་པ་ནི་སློབ་སྦྱོང་གི་ཁྲོད་ཀྱི་ཆེས་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན། ལྷག་པར་དུ་བོད་ཀྱི་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པས་རང་སྣང་གང་ཤར་དང་། ལྷོད་གཡེང་དང་སྒྱིད་ལུག་གི་སྒོ་ནས་ཤེས་རྟོགས་བྱུང་སོང་བ་ཞིག་གནའ་ནས་ད་བར་དུ་གཅིག་ཀྱང་མེད། སྔོན་གྱི་མཁས་པའི་ཁྲོད་ན་ལམ་རིམ་ཆེན་མོ་དང་། དཔལ་ལྡན་རྒྱུད་བཞི། གཞུང་ཆེན་བཀའ་པོད་ལྔ་ལ་སོགས་བློར་བཟུང་བའི་ལོ་རྒྱུས་གང་མང་མང་ཡོད། དེས་ན་དེང་སྐབས་བློར་འཛིན་མི་དགོས་པར་བོད་ཀྱི་རིག་གནས་ཤེས་པར་བྱེད་པའི་ཐབས་ཤིག་གང་ན་ཡོད། གཞུང་དང་བསྟན་བཅོས་གང་ཞིག་ཡིན་རུང་ཐོག་མར་དེའི་རྩ་བ་དང་ཚིག་འགྲེལ་སོགས་བློ་ལ་ངེས་པའི་རྨང་གཞིའི་སྟེང་ནས་ཞིབ་ཏུ་འཇུག་དགོས་པ་ནི་ལུང་དང་གཏན་ཚིགས་གང་གིས་ཀྱང་གསལ་བོར་བསྒྲུབས་ཐུབ། དེ་བས་ཐེངས་འདིར་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཡོངས་ལ་ཁ་གཏད་དེ། སུམ་ཅུ་བའི་ཚིག་དོན་མདོར་བསྡུས། ཡི་གེ་ཐོབ་ཐང་གི་རྣམ་བཞག ཆུའི་བསྟན་བཅོས། སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ། ཐོན་མིའི་ཡིག་ཕུད་དང་ཐོན་མིའི་ང་རྒྱལ། ཤེས་རབ་བརྒྱ་བ། རྩྭ་ཐང་དྲན་གླུ་བཅས་དམིགས་སུ་བཀར་ནས་བློ་རྒྱུགས་འགྲན་སྡུར་སྤེལ་བ་ཡིན།
བྱ་འགུལ་གྱི་མཇུག་ཏུ་དགེ་རྒན་གཟུབས་སྐྱབས་རྒྱལ་གྱིས་སྤྱི་སྡོམ་བྱས་པའི་ནང་དོན་ནི་འདི་ལྟར་ཏེ། དོན་མ་འཁྲུལ་བར་ངེས་པ་ལ་ཚིག་མ་འཁྲུལ་བར་དག་དགོས་པས། དུས་རྒྱུན་སྐྱོར་འཛིན་བྱེད་སྐབས་ཚིག་གི་དག་ཆ་ལ་ནན་ཏར་འབད་དགོས་པ་དང་གཅིག བློར་བཟུང་བ་ལ་གོ་རིམ་འཁྲུལ་བ་དང་ཆ་ཁ་ཡ་སྡེབ་ཀྱི་སྐྱོན་མི་འབྱུང་བའི་ཕྱིར་དུ། བློར་ཡོང་བ་ཙམ་གྱིས་མི་འཐུས་པར་བྱང་དགོས་པ་དང་གཉིས། དོན་ཤེས་པ་ཡི་སྔོན་འགྲོ་ནི་ཚིག་འཛིན་པ་ཡིན་ཕྱིར་དུས་རྒྱུན་དཔེ་ཀློག་སྐྱོར་འཛིན་བྱེད་པ་དང་གསུམ། བློར་སྐྱོར་བ་ལ་ཚིག་དོན་མི་འཁྲུལ་ཕྱིར་སྒྲ་དག་པ་དང་། འབྲུ་གསལ་བ། འགྲོས་ཧ་ཅང་མགྱོགས་མི་ཆེ་བ་དང་བཞི། མདོར་ན། སྐད་ཡིག་གི་རྨང་གཞི་སྲ་བརྟན་གཏོང་བའི་བྱེད་ཐབས་ཉག་གཅིག་ནི་དཔེ་ཀློག་སྐྱོར་འཛིན་ལ་འབད་རྒྱུ་དེའོ། །ཞེས་གསུངས་བཤད་གལ་ཆེན་གནང་།
སློབ་མ་དག་གིས་བློ་རྒྱུགས་སྤྲོད་བཞིན་པའི་ཚུལ།
སློབ་མ་དག་གིས་བློ་རྒྱུགས་སྤྲོད་བཞིན་པའི་ཚུལ།
འབྲེལ་ཡོད་འོས་སྦྱོར།