logo

གཟའ་འཁོར་རེའི་དཔེ་དེབ་འོས་སྦྱོར། ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་རྩོམ་རིག དུས་ཚོད།:2022-02-15 ཀློག་གྲངས།:
        2022ལོའི་གཟའ་འཁོར་དང་པོ་ནས་བཟུང་། འཛམ་གླིང་རྩོམ་རིག་ལོ་དེབ་ཀྱི་གཙོ་སྒྲིག་པས་བོད་ཀྱི་ཀློག་པ་པོ་དག་ལ་གཟའ་འཁོར་རེར་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཅན་རེ་འོས་སྦྱོར་ངོ་སྤྲོད་བྱེད་ཀྱི་ཡིན་ལ། ཀློག་པ་པོ་དག་གིས་དཔེ་དེབ་འདི་དག་གི་མ་ཡིག་གམ་ཡང་ན་དབྱིན་བོད་རྒྱ་གསུམ་གྱི་འགྱུར་མ་གང་རུང་གཟའ་འཁོར་གཅིག་རིང་བཀླག་ཚར་བ་བྱ་བའི་རེ་སྐུལ་ཞུས་པ་ཡིན། གལ་སྲིད་དཔེ་དེབ་བཀླག་རྗེས་ཀྱི་ཟིན་ཐོ་ཡག་པོ་ཡོད་ཚེ་འཕྲིན་སྟེགས་འདིར་སྤེལ་རྒྱུ་ཡིན་པར་ཐུགས་འཇགས་འཚལ།
        ཐོ་མ་སི·ཕིན་ཆོན་ནི་ཨ་མེ་རི་ཁའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གི་བརྩམས་ཆོས་དག་ནི་ལྐོག་གྱུར་གྱི་ཉམས་དང་ལྡན་པའི་ཆོ་མེད་རིང་ལུགས་ཀྱི་རྩོམ་རིག་དང་དེང་རབས་ཀྱི་ཚན་རིག་གཉིས་གཞི་གཅིག་ཏུ་བསྲེས་པའི་རྩོམ་སྟངས་ཀྱིས་སྐད་གྲགས་ཆོད་ཡོད། ཁོང་ཉིད་ནེའུ་ཡོག་གྲོང་ཁྱེར་གྱི་གླིང་རིང་དུ་སྐྱེས་ཤིང་། ལོ་ན་བཅུ་དྲུག་སྟེང་སློབ་འབྲིང་མཐར་ཕྱིན་རྗེས་ཁོར་ནེལ་སློབ་ཆེན་དུ་ཞུགས་ནས་བཟོ་བསྐྲུན་དངོས་ལུགས་རིག་པ་ལ་སྦྱངས་པ་མཛད། 1954ལོའི་ལོ་མཇུག་ཏུ་སློབ་ཆེན་ལས་ཐོན་ཏེ་ལོ་གཉིས་རིང་ཨ་རིའི་མཚོ་དམག་ཏུ་ཞུགས་ཤིང་། 1957ལོར་སློབ་ཆེན་ལས་ཐོན་རྗེས་གནམ་གྲུ་ཀུང་སི་ཞིག་གི་ལག་རྩལ་རྩོམ་པ་པོ་བྱས། ཁོང་གི་བརྩམས་ཆོས་ལ་ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའ་སོགས་མང་དུ་ཐོབ་ནའང་། བྱ་དགའ་ལེན་དུ་ཕེབས་མེད་པར་མ་ཟད། ད་དུང་ཁོང་ལ་རྩོམ་རིག་གི་སྙན་གྲགས་རྒྱས་པ་དང་བསྟུན་ནས་མི་སྒེར་གྱི་ཡིག་ཚགས་དང་སྔོན་ཆད་ཀྱི་འདྲ་པར་སོགས་ཀྱང་གསང་བ་ལྐོག་གྱུར་ངང་མི་ཀུན་གྱི་མཐོང་ལམ་ནས་ཡལ་བ་ལྟར་གྱུར་ཅིང་། ཁོང་རང་ཉིད་ཀྱི་འཚོ་བའང་མི་མང་དང་འདུ་འཚོགས་ལ་རིང་དུ་གྱེས་ཤིང་དྲིལ་སྒྲོག་དང་བཅར་འདྲི་སོགས་ཀྱང་ཀུན་ཏུ་སྤངས་པའི་ཕྱིར་སྨྱན་ལམ་དང་དྲ་ཐོག་གང་ནས་ཀྱང་ཁོང་གི་འཚོ་བ་དང་འདྲ་པར་སོགས་འཚོལ་དཀའ་བར་ཆགས་ཡོད། ཡིན་ནའང་ཁོང་གི་བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་རྩོམ་རིག་རིན་ཐང་ནི་དེ་ལས་ལྡོག་སྟེ་ཨ་མེ་རི་ཁ་ཙམ་མ་ཡིན་པའི་འཛམ་གླིང་ཡོངས་ཀྱི་རྩོམ་པ་པོ་དང་། དཔྱད་བརྗོད་པ། ཀློག་པ་པོ་དག་གིས་གདེང་འཇོག་མཐོན་པོ་བྱས་དང་བྱེད་ཀྱིན་ཡོད་པ་རེད། ཁོང་གི་བརྩམས་ཆོས་ལ་སྒྲུང་རིང«V.»(V., 1963)དང་། «ཚོང་རྫས49པའི་ཆེད་དུ་སྐད་རྒྱག་པ»(The Crying of Lot 49, 1966)། «ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན»(Gravity's Rainbow, 1973)། «རྒུན་འབྲུམ་གྱི་ཡུལ་གྲུ»(Vineland, 1990)། «ལྷན་སྐྱེས་ཀྱི་ཉེས་པ»(Inherent Vice, 2009)སོགས་དང་། སྒྲུང་ཐུང་ཕྱོགས་བསྒྲིགས་དེབ«དལ་བུར་སློབ་མཁན»(Slow Learner,1984)སོགས་བཞུགས།
        «ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན»ཞེས་པ་ནི་ཁོང་གི་སྒྲུང་རིང་སྐད་གྲགས་ཆེ་ཤོས་དེ་ཡིན། སྒྲུང་རིང་འདི་ཁག་བཞི་ཡིས་གྲུབ་ཡོད། ཁག་དང་པོ“ཀླད་ཀོར་གྱི་ཕྱི་རུ”ཞེས་པའི་ནང་དུ། དུས་ཚོད1944ལོའི་ཟླ12པའི་ཚེས18ནས་ཚེས26བར་གྱི་དོན་དག་བྲིས་ཡོད། དུས་སྐབས་དེར་འཇར་མན་དམག་དཔུང་གིས་སྟོབས་ཆེ་བའི་མེ་ཤུགས་འཕུར་མདའ་ཞིག་གིས་གྲོང་ཁྱེར་ལོན་ཌོན་ལ་འགས་གཏོར་གཏོང་གི་ཡོད། ཡིན་ནའང་མཉམ་འབྲེལ་དམག་དཔུང་ཡ་མཚར་བར་བྱས་པ་ཞིག་ལ། མེ་ཤུགས་འཕུར་མདས་འགས་གཏོར་གཏོང་ས་ནི་ཏག་ཏག་ཨ་རིའི་དམག་དཔོན་སི་ལོ་ཐི་རོབ(Tyrone Slothrop)ཀྱིས་མི་གཞན་ལ་འཁྲིག་སྤྱོད་མནར་གཅོད་བཏང་རྗེས་ས་ཁྲའི་སྟེང་ལ་ས་རྟགས་བརྒྱབ་པའི་གནས་དེ་དག་དང་གཅིག་པ་གཅིག་རྐྱང་དུ་ཁེལ་ཡོད་པ་དེ་རེད། དེ་ལ་ཚན་རིག་གིས་འགྲེལ་བཤད་རྒྱག་མ་ཐུབ་པས་མཉམ་འབྲེལ་དམག་དཔུང་གིས་སི་ལོ་ཐི་རོབ་ལ་མེ་ཤུགས་འཕུར་མདའ་འཚོལ་བའི་འགན་ཁུར་བསྩལ་ཏེ་ངོ་མཚར་བའི་འགྲུལ་བཞུད་ཅིག་ལ་ལམ་དུ་ཆས། ཁག་གཉིས་པ“ཨེར་མན·གྷོ་རིང་གི་གུང་གསེང་རྒྱན་རྩེད་ཁང”ཞེས་པའི་ནང་དུ་མི་སྣ་གཙོ་བོ་གང་དེ་རྒྱན་རྩེད་ཁང་གི་མཚོ་འགྲམ་དུ་མྱུལ་མ་ངོ་གཉིས་ཤིག་དང་འཕྲད་ཅིང་། རྒྱན་རྩེད་ཁང་གི་ནང་དུ་ཁོས་རང་ཉིད་ཆུང་དུས་སུ་ཚན་རིག་གི་ཚོད་ལྟ་བྱ་ཡུལ་ཞིག་ཏུ་གྱུར་མྱོང་བ་རིམ་གྱིས་ཤེས། ཁག་གསུམ་པ“བཙན་བཟུང་ས་ཆ”ཞེས་པའི་ནང་དུ་མི་སྣ་གཙོ་བོས་རང་ཉིད་ཆུང་དུས་ཨ་ཕས་ཚན་རིག་ཚོད་ལྟ་ཁང་ཞིག་ཏུ་བཙོངས་ཤིང་ཚོད་ལྟ་བྱེད་སྤྱད་ཀྱི་རྒྱུ་ཆ་གང་དེ་ཕྱིས་སུ་མེ་ཤུགས་འཕུར་མདའ་བཟོ་བྱེད་དུ་སྤྱད་ཚུལ་རྟོགས། ཁག་བཞི་པ“ལྡོག་ཤུགས”ཞེས་པའི་ནང་དུ་མི་སྣ་གཙོ་བོ་གནམ་མཐའ་ཡི་འཇའ་ཚོན་མཐོང་སྟེ་དགའ་བའི་མཆི་མ་འཐོར་བའི་རྗེས་སུ་ཁོའི་ལུས་པོ་ཚལ་བ་ཚལ་བུ་རུ་འཐོར་ཞིང་རླུང་གིས་ཁུར་བར་གྱུར་ལ། སྐབས་དེར་ལྐོག་གྱུར་གྱི་མི་སྣ་གཞན་ཞིག་སྡིངས་ཆ་རུ་སླེབས་ཏེ་བརྩེ་བ་དང་རིགས་པ་ཡིས་འཇིག་རྟེན་སྐྱོབ་དགོས་ཚུལ་བཤད་ཡོད། སྒྲུང་རིང་འདིའི་སྤྱི་ཁོག་ནི་ཧ་ལམ་འདི་འདྲ་ཞིག་ཡིན་ནའང་། རྩོམ་པ་པོས་དེང་རབས་ཚན་རིག་གི་བརྡ་ཆད་དང་ལྟ་བ་མང་དུ་སྤྱད་ཡོད་ཅིང་། བྱུང་རིམ་འབྲེལ་ཆགས་པ་དང་སྔ་རྗེས་གསལ་བའི་སྲོལ་རྒྱུན་བརྩམས་སྒྲུང་དང་མི་འདྲ་བར། སྒྲུང་ཧྲིལ་པོར་དེང་རབས་དངོས་ལུགས་རིག་པ་དང་། མེ་ཤུགས་འཕུར་མདའི་བཟོ་སྟངས། མཐོ་རིམ་གྲངས་རིག འཁྲིག་སྤྱོད་སེམས་ཁམས་རིག་པ། རྒྱུན་ལྡན་མ་ཡིན་པའི་འཁྲིག་སྤྱོད་ལྟ་བ་སོགས་སྐོར་གྱི་བགྲོ་གླེང་གིས་ཁེངས་ཡོད་སྟབས། ཀློག་མི་བདེ་ཞིང་གོ་དཀའ་བར་འདུག་ཅེས་གྲགས་ཆེ།
        ཕིན་ཆོན་གྱི་བརྩམས་སྒྲུང་ནང་དུ་དེང་དུས་སྤྱི་ཚོགས་ཀྱི་གྲུབ་ཆ་མང་པོ་གནས་ཡོད་ཅིང་། བརྗོད་གཞིའི་ནང་དུ་ཨ་རི་དང་མིའི་རིགས་ཀྱི་ལོ་རྒྱུས་དང་། རང་བྱུང་ཚན་རིག གྲངས་རིག་པ། བཟོ་བསྐྲུན་རིག་པ། དམག་དོན་རིག་པ། ཆ་འཕྲིན་རིག་པ། དེང་རབས་དངོས་ལུགས་རིག་པ་སོགས་ཤེས་བྱའི་སྣ་ཤིན་ཏུ་མང་པོ་འདུས་ཡོད་ལ། བརྗོད་དོན་གཏིང་ཟབ་ཅིང་སྣ་མང་། རྩོམ་སྟངས་དང་བརྗོད་གཞི་འབུར་དུ་ཐོན་པ་ཞིག་ཡིན། དེ་ནི་ཁོང་གིས་སློབ་ཆེན་སྐབས་བཟོ་བསྐྲུན་དངོས་ལུགས་རིག་པ་སྦྱངས་ཤིང་དེའི་རྗེས་སུ་མཚོ་དམག་ནང་ལོ་གཉིས་ཞུགས་པ། གནམ་གྲུའི་ཀུང་སི་ཞིག་ཏུ་ལས་ཀ་གཉེར་བ་དང་འབྲེལ་བ་ཆེ། སྒྲུང་རིང་འདིའི་སྔ་ཕྱི་བར་གསུམ་དུ་ཁེངས་པའི་ཚད་མེད་པའི་སེམས་ཁྲལ་དང་དངངས་འཚབ་འཇིགས་སྐྲག་དེ་ཡིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རིང་དང་གཉིས་པའི་རྗེས་ཀྱི་ནུབ་ཕྱོགས་སྤྱི་ཚོགས་ཧྲིལ་པོའི་སེམས་ཁམས་ཤིག་མཚོན་གྱི་ཡོད་ལ། འཚོ་གནས་ཀྱི་དངངས་འཚབ་དེ་མཐར་ཐུག་ལག་རྩལ་ལ་བཟུང་བའི་འཇིགས་སྐྲག་གི་སེམས་ཁམས་ཤིག་ཏུ་གྱུར་ཡོད། འཇར་མན་གྱིས་བཟོ་བཞིན་པའི་མེ་ཤུགས་འཕུར་མདའ་དེ་ལ་ཡུལ་དུས་ལས་འདས་པའི་སྟོབས་ཤུགས་ཤིག་ཡོད་ཅིང་། ཀུན་ལྡན་འཐེན་ཤུགས་ཀྱིས་བཟོས་པའི་བར་སྣང་གི་མེ་ཤུགས་འཕུར་མདའི་འཇའ་ཚོན་དེ་ཡིས་མཐར་ཐུག་འཆི་བ་དང་རྨེག་མེད་ཀྱི་ལམ་དུ་བརྫངས་པ་རེད། སྒྲུང་རིང་འདི་ནི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་རྩོམ་ཆོས་རྨད་དུ་བྱུང་བ་ཞིག་སྟེ་སྒྱུ་མའི་ཕོ་བྲང་ལྟ་བུའི་རྩོམ་ཆོས་ཤིག་ཡིན་པ་རེད། སྒྲུང་འདི་ཡིས་ཡེ་ཤུའི་དམ་པའི་གསུང་རབ་ཀྱི་ནང་དོན་སྤྱད་ཡོད་པར་མ་ཟད། འཇར་མན་གྱི་སྙན་ངག་མཁན་རེལ་ཁི་ཡི་སྙན་ངག་དང་། དམངས་ཁྲོད་ཀྱི་སྒྲུང་གཏམ་སོགས་གཡར་ནས་རང་ཉིད་ཀྱི་བརྗོད་དོན་གཏིང་ཟབ་ཅིང་ཤུགས་དང་ལྡན་པར་བྱས་ཡོད་ཕྱིར། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་བརྩམས་སྒྲུང་ཆེས་གཏིང་ཟབ་ཅིང་ཆེས་ཕུལ་དུ་བྱུང་བ་དེ་རེད་ཅེས་བསྔགས་བརྗོད་གནང་ཡོད།
འབྲེལ་ཡོད་འོས་སྦྱོར།