རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་ཁྲོད་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོས་འོས་སྦྱོར་བྱས་པའི་སྒྲུང་དེབ་འགའ།
རྩོམ་པ་པོ།:ཚེ་རིང་བསམ་འགྲུབ་སོགས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-09-06
ཀློག་གྲངས།:
རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་ཁྲོད་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོས་འོས་སྦྱོར་བྱས་པའི་སྒྲུང་དེབ་འགའ།
«གངས་ཀྱི་རྒྱལ་ཁམས»
འོས་སྦྱོར་པ། ཚེ་རིང་བསམ་འགྲུབ།
ཀཱ་བཱ་པཱ་ཏཱ•ཡ་སུ་ན་རི་ཡི«གངས་ཀྱི་རྒྱལ་ཁམས»དང་པོར་ཀློག་དུས་ནི་མཐོ་འབྲིང་གི་དུས་ཡིན་པ་དང་། ཀློག་ཐེངས་གཉིས་པ་དང་གསུམ་པ་ནི་སློབ་ཆེན་གྱི་དུས་སྐབས་ཡིན། དང་པོར་ཡེ་ཝེ་ཆུའུ་ཡི་འགྱུར་མ་ལ་བལྟས་ཤིང་། དེ་ནས་ཀའོ་ཧུའི་ཆིན་གྱི་འགྱུར་ལ་བལྟས། ཀཱ་བཱ་པཱ་ཏཱ•ཡ་སུ་ན་རི་ནི་དུས་རབས་ཉི་ཤུ་པའི་ཉི་ཧོང་གི་སྒྲུང་མཁན་བླ་མེད་ཅིག་ཡིན་ལ། སྤྱི་ལོ1968ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་བཞེས་ཤིང་། དེ་ནས་རིང་བོ་མ་ལོན་པའི་སྤྱི་ལོ1972ལོར་ཁོང་གིས་རང་སྲོག་རང་གིས་བཅད་དེ་སྐུ་གཤེགས་པ་རེད།
ཁོང་གི«གངས་ཀྱི་རྒྱལ་ཁམས»སུ། ཙག་རླུང་དང་འཁྱག་སྦྲིད་རྒྱུ་འབྲས་ཀྱིས་མི་སྦྲེལ་ལ། སྐར་ཕྲན་དང་མཛེས་སྡུག་ཀྱང་འབྲེལ་མེད་རང་སོ་ཡིན། ཡིན་ན་ཡང་། སྒྲུང་གཏམ་གྱི་མགོ་རྔ་ཡོངས་སུ་གངས་ཀྱི་ཟེགས་མ་ལྷབ་ལྷུབ་གཡོ་བ་ལྟ་བུའི་མཛེས་པ་རབ་རིབ་ཅིག་དང་། གདོང་གི་མཆི་མ་སྐམ་ཤུལ་འདྲ་བའི་སྐྱོ་བ་སད་སུད་ཅིག་གིས་ཁྱེད་ཀྱི་ཡ་ཆུང་ལ་ཧྲག་འཛུལ་བྱེད་ཅིང་། ནངས་ནུབ་ཀྱི་མེ་ལོང་དུ་འཆར་བའི་གཟུགས་རིས་ཀྱིས་ཟམ་མི་ཆད་པའི་སྒྱུ་མ་དམར་ཧྲེང་ངེར་སྟོན་པར་བྱེད།
ཁྱེད་རང་སྙན་ངག་ཀློག་མཁན་ཅིག་ཡིན་ན། ཁྱེད་རང«གངས་ཀྱི་རྒྱལ་ཁམས»ན་སྨིག་རྒྱུ་བཞིན་རྒྱུ་བའི་མཛེས་པ་དང་སྐྱོ་བ་བསྣོལ་མའི་དྲ་སྙི་རུ་ཚུད་འགྲོ་ལ། ཁྱེད་རང་སྒྲུང་གཏམ་ཀློག་པར་སྤྲོ་མཁན་ཞིག་ཡིན་ན། ཀ་དག་གི་ཞིང་ཁམས་སུ་ལྷགས་འདྲའི་དབུགས་དབྱུང་ཐེངས་ཤིག་འཐོབ་ངེས་སོ། །
«བདེ་མོ་ཐང་གི་མཱོ་ཞི»
འོས་སྦྱོར་པ། བཙུན་ཐར་རྒྱལ།
ན་གཞོན་རྩོམ་པ་ཧྲོང་ཞུའེ་ཐའོ(双雪涛)ཡིས་བརྩམས་པའི«བདེ་མོ་ཐང་གི་མཱོ་ཞི»(平原上的摩西)ཞེས་པ་འདི་ནི་གུས་པས་ད་སྔ་ཅུང་ཆ་ཚང་བར་བཀླགས་པའི་སྒྲུང་དེབ་མང་པོ་མེད་པ་དག་གི་ཁྲོད་ནས་ཆེས་ཡག་ཤོས་དང་། བག་ཆགས་ཟབ་ཤོས། སྒྲུང་གཏམ་འབྲི་སྦྱོང་ཐད་དུ་ཕན་བསྐྱེད་ཆེ་ཤོས་བཅས་སུ་མཐོང་ལ། བྱུང་རིམ་དང་སྣང་བརྙན་མང་པོ་ཞིག་ནམ་རྒྱུན་ཡིད་ངོ་རུ་གློག་བརྙན་བཞིན་འཆར་རྒྱུ་འདུག
སྒྲུང་དེབ་འདི་ནི«བདེ་མོ་ཐང་གི་མཱོ་ཞི»(平原上的摩西)དང«མིག་མངས་མཁན་པོ»(大师)«བདག་གི་གྲོགས་པོ་ཨན་རྡི་ལིའེ»(我的朋友安德烈)སོགས་སྒྲུང་གཏམ་ཐུང་འབྲིང་བཅུ་ཡིས་གྲུབ་ཡོད་ལ། ཧྲོང་ཞུའེ་ཐའོ་ཡི་སྒྲུང་ཐུང་གསར་རྩོམ་གྱི་འཇོན་ནུས་ཕྱོགས་བསྡུས་སྒོས་མཚོན་པའི་ཚབ་མཚོན་བརྩམས་ཆོས་ཤིག་ཏུ་ཀུན་གྱིས་གླེང་། དེ་དག་ལས་མྱུལ་རྟོག་སྒྲུང་གཏམ«བདེ་མོ་ཐང་གི་མཱོ་ཞི»ཞེས་པ་རུ་ལོ་རབས་དགུ་བཅུ་པའི་ནང་བཟོ་བ་མང་པོ་ལས་གནས་ནས་ཕབ་པའི་རླབས་རྒྱུན་གྱིས་ཕལ་བའི་ཁྱིམ་ཚང་ལ་བཏང་བའི་བརྡབ་གསིག་དང་། དེའི་ཁྲོད་ཀྱི་མི་སྣའི་བཟོད་བསྲན་དང་བརྟན་སྲུང་། འཚོ་བའི་སྙིང་སྟོབས་སོགས་བྲིས་ཡོད་ལ། དེ་བཞིན«མིག་མངས་མཁན་པོ»ཞེས་པ་རུ་འཚོ་བའི་གནོན་ཤུགས་དང་ཆང་རག་གིས་ར་རོར་བཏང་བའི་ལས་ཤོར་བཟོ་བ་མིག་མངས་ལ་ཤིན་ཏུ་མཁས་པ་ཞིག་གི་གཏམ་རྒྱུད་བྲིས་པ་བརྒྱུད། ནར་མའི་འཚོ་བའི་ཁྲོད་ཀྱི་འུ་ཐུག་ཐབས་ཟད་དང་། མི་གཤིས་ཀྱི་གཉོམ་སོ་དང་བརྟན་བརླིང་གི་ཆ་སོགས་མཚོན་ཡོད། གཞན«བདག་གི་གྲོགས་པོ་ཨན་རྡི་ལིའེ»ཞེས་པའི་ཁྲོད་དུ་གཤིས་ཀ་ཁྱད་མཚར་ཅན་གྱི“ང”ཡི་སློབ་གྲོགས་ཨན་རྡི་ལིའེ་ཡིས“ང”ཡི་ཆེད་དུ་དྲང་བདེན་བརྩད་པ་ལ་རྐྱེན་བྱས་ཏེ་སློབ་བྱོལ་བྱ་དགོས་བྱུང་བར་མ་ཟད། རིམ་བཞིན་སྨྱོ་ནད་བྱུང་བའི་གཏམ་རྒྱུད་བརྗོད་པ་བརྒྱུད་ནར་སོན་པའི་གོ་རིམ་ཁྲོད་ཀྱི་གཞོན་པའི་ནང་སེམས་ཀྱི་འགལ་འདུ་དང་། སེམས་ཁྲལ། ཁུ་འཁྲིག གྲོགས་པོའི་ཕྱི་ཐག་སོགས་མཚོན་ཡོད་པ་ལྟ་བུའོ། །དེ་དག་དང་ཆ་མཚུངས་པར། དེབ་འདིའི་ནང་གི་སྒྲུང་གཏམ་ཕལ་ཆེ་བས་མི་གཤིས་ཀྱི་འཚོལ་སྙེག་གལ་ཆེར་བཟུང་སྟེ། བྱམས་བརྩེ་དང་བྲོད་སེམས་ཀྱི་སྟོབས་ལ་བརྟེན་ནང་སེམས་རེ་རེར་ལྟུང་བཤགས་ཀྱི་ལམ་ཁ་གནང་ཡོད་ལ། མཐར་དཀའ་ངལ་སྣ་ཚོགས་ཀྱི་མཚོན་ཆའི་འོག་ཡལ་བར་མ་དོར་བའི་མི་གཞིའི་རྩིས་ཐང་ལ་བདེན་ཁ་སྤྲད་ཅིང་སྟོད་བསྔགས་ཕུལ་ཡོད་པ་སོགས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་ལ། རོལ་མྱོང་དང་བསམ་གཞིག་གི་རིན་ཐང་ཆེན་པོ་མངའ།
གཞན་རྩོམ་པ་པོ་ཁོ་རང་རང་དོན་བརྗོད་པའི་ཐབས་རྩལ་ལ་མཁས་ཤིང་། གང་བྲིས་པ་རྣམས་མྱུར་བུལ་རན་ལ་ཞུན་བརྡར་ཆོད་པ་དང་། སྤྲས་པ་བྲལ་བའི་སྤྱིར་བཏང་གི་ཚིག་སྦྱོར་ལ་རྣོ་ངར་དང་ཆོད་སྟོབས་ཀྱིས་ཁེངས་པ། རྟག་པར་རང་བྱུང་དང་མངོན་ཆུང་གི་དབྱངས་འགྲོས་ཤིག་ལྷུར་ལེན་པ་སོགས་སྐད་ཆའི་མཛེས་པར་ཡང་གུས་པ་ཤིན་ཏུ་འཐད་ཅིང་། རང་འདྲའི་ལས་དང་པོ་བ་རྣམས་ཀྱིས་སྒྲུང་གཏམ་འབྲི་སྐབས། ལན་རེར་སྤྲས་པ་ཐལ་ཆེ་བའི་དབང་གིས་བརྗོད་པ་གསོག་གསོབ་ཏུ་འགྱུར་བ་དང་། ལན་རེར་སྐྱ་ཐལ་དང་ཆིག་རྐྱང་དུ་གྱུར་ནས་རྟུལ་ཞིང་ཆོད་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་སེལ་བ་ལ་ཡང་དེབ་འདི་ཉིད་སློབ་སྦྱོང་བྱ་ཡུལ་ཞིག་ཏུ་འོས་སྙམ། །
«བརྩེ་དུང་གི་གཏམ་རྒྱུད་ཁག་གསུམ»
འོས་སྦྱོར་པ། གཡུ་སྒྲོན་འཚོ།
སྒྲུང་ཐུང་འགྲན་སྡུར་དང་འབྲེལ་བའི་ཆེད་བསྒྲིགས་ལེ་ཚན་གྱི་དགོས་མཁོར་དམིགས་ནས། རང་ཉིད་ཆེས་དགའ་སའི་སྒྲུང་དེབ་ཅིག་འོས་སྦྱོར་བྱ་རོགས་ཞེས་པའི་རེ་སྐུལ་འབྱོར་མ་ཐག ངས་དྲན་པ་ནང་ལ་བཀུག་ནས་བཀླགས་མྱོང་བའི་དཔེ་དེབ་དག་ལ་ཕྱིར་དྲན་ནན་ཏན་ཞིག་བྱས་མཐར། «ཁཱ་ཧྥུ་ཁའི་སྒྲུང་ཐུང་ཕྱོགས་བསྒྲིགས»དང་། «ཧྥུ་ཁུ་ནཱའི་སྒྲུང་ཐུང་ཕྱོགས་བསྒྲིགས»ཧྥེ་ཚི་ཅེ་ལ་ཏིའི«སྐྱོ་གདུང་གིས་མནར་བའི་ན་གཞོན་དེ་དག»ཧྥི་ཅི་ཉི་ཡ•ཝོལ་ཧྥུ་ཡི«སྒྲོན་སྟེགས་སུ་བསྐྱོད་པ»ཁྲི་ཙི་ཅན་གྱི«འཇིག་རྟེན་སྟེང་གི་མཚན་མོ་མཐའ་དག»དབྱི་ཏ་ཧྥུ་ཡི«ལྷུང་བ»«ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»སོགས་བག་ཆགས་རབ་རིབ་ཡོད་པའི་སྒྲུང་དེབ་འགའ་ཡིད་ལ་འཁོར་མོད། འོས་སྦྱོར་བྱ་དགོས་ཞེ་ན་དངོས་གནས་ཅི་དྲན་འདི་བཤད་མེད་པ་ཞིག་ཏུ་ཆགས་འགྲོ་སྟེ། བསྡུས་དེབ་དེ་དག་མང་ཆེ་བ་ལས་སྒྲུང་ཐུང་རེ་འགའ་བསལ་འདེམས་ཀྱིས་བཀླགས་རྗེས་ཕྱིར་དཔེ་སྒྲོམ་གྱི་ཁ་མལ་དུ་བཞག་པ་དག་ཏུ་ཟད་པས། སྒྲུང་དེབ་འོས་སྦྱོར་གྱི་འགན་འདི་འགྲུབ་དཀའ་བའི་གནས་སུ་འདུག དེས་ན། ཐེངས་འདིར་ངས་བདམས་པའི་སྒྲུང་དེབ་ནི«ཝང་ཨན་དབྱིས་ཀྱི“བརྩེ་དུང་གི་གཏམ་རྒྱུད་ཁག་གསུམ”»(王安忆“三恋”)ཞེས་པ་ཡིན་ཏེ། འདི་ནི་ཝང་ཨན་དབྱིས་ཀྱི་བརྩེ་བ་བརྗོད་བྱར་བྱས་པའི་སྒྲུང་འབྲིང«གྲོང་ཁྱེར་ཆུང་ངུའི་བརྩེ་དུང»དང་། «རི་གྲོང་གི་བརྩེ་བ།»«ཅིན་ཞིག་རོང་གི་བརྩེ་དུང»ཞེས་པ་གསུམ་གྱིས་གྲུབ་པའི་དེབ་ཅིག་ཡིན། བརྩམས་ཆོས་འདི་གསུམ་ནི་རྩོམ་པ་པོས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བརྩམས་ཤིང་། 2012ལོའི་ཟླ12པར། “ཟླ་འོད་ཀྱི་བརྩེ་བ”ཞེས་པའི་དེབ་ཕྲེང་དུ་བདམས་ནས་ཁྲུང་ཆིན་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་འདུག
དེ་ལས«གྲོང་ཁྱེར་ཆུང་ངུའི་བརྩེ་དུང»ནི་མིའི་འདོད་པ་དང་མི་གཤིས་ཀྱི་འཕག་འཚག་དང་འབྲེལ་བའི་སྒྲུང་གཏམ་ཞིག་སྟེ། ན་གཞོན་དུས་ཀྱི་བརྩེ་བ་ཤུགས་དྲག་པོ་དེ་སྐབས་དེའི་གཟབ་ནན་གྱི་ཀུན་སྤྱོད་ཚོད་འཛིན་དང་སྤྱི་ཚོགས་ཁོར་ཡུག་གི་གཅུན་སྡོམ་འོག མི་སྣ་གཉིས་ཀྱི་འབྲེལ་བ་འཁྱོག་འགྱུར་དང་ཡ་མ་གཟུགས་སུ་གྱུར་ནས་མཇུག་མཐར་བརྩེ་བ་མེད་པའི་སྐྱོ་གར་ཞིག་ཏུ་གྱུར་པ་བྲིས་ཡོད། «རི་གྲོང་གི་བརྩེ་བ»ནི་སྒྲུང་གཏམ་གྱི་མི་སྣ་གཉིས་ཀྱིས་སྲོལ་རྒྱུན་ཀུན་སྤྱོད་དང་ཁྱིམ་ཚང་གི་འགན་འཁྲིའི་གནོན་ཤུགས་ཉིས་བརྩེགས་འོག་རང་སྲོག་བློས་བཏང་བའི་གཏམ་རྒྱུད་ཅིག་ཡིན། «ཅིན་ཞིག་རོང་གི་བརྩེ་དུང»ནི་གཉེན་བསྒྲིགས་རྗེས་ཀྱི་གནས་སྐབས་ཀྱི་བརྩེ་བ་དང་ཚོར་བ་རིས་སུ་ཕབ་པའི་སྒྲུང་གཏམ་ཞིག་ཡིན། གཏམ་རྒྱུད་ནི་དེ་ག་ཙམ་དུ་ཟད་ལ། “བརྩམས་ཆོས་འདི་གསུམ་གྱིས་ཝང་ཨན་དབྱིས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་འཇོན་ཐང་མངོན་པར་མ་ཟད། སྔར་ལས་གཏིང་ཟབ་པའི་སྒོ་ནས་བུད་མེད་ཀྱི་འདུ་ཤེས་སད་རྟོགས་དང་དེའི་ཆུ་ཚད་གོང་མཐོར་དེད་ཡོད”ཅེས་གདེང་འཇོག་ཀྱང་གནང་ཡོད་མོད། ང་ལ་མཚོན་ན་དེ་ལྟ་བུའི་གཏམ་རྒྱུད་ཀྱི་བྱུང་བ་ཙམ་ལ་སེམས་ཤོར་བ་ཞིག་གམ། ཡང་ན་དེ་ལྟ་བུའི་གཞུང་ལུགས་ཀྱི་མཐོང་སྣེ་ཞིག་ནས་བརྩམས་ཆོས་ལ་གོ་བ་ལེན་ཞིང་སྤྲོ་སྣང་འཕེལ་བ་རྐྱང་རྐྱང་ཞིག་ཀྱང་མིན་པ་འདྲ།
གང་ལྟར། སྒྲུང་གཏམ་འདི་གསུམ་གའི་ནང་དུ་མི་སྣའི་ནང་སེམས་ཀྱི་འགྱུར་ལྡོག་སྣ་ཚོགས་ཏེ། ཧ་ཅང་རྙོག་འཛིང་དང་འགལ་འདུས་ཁེངས་པའི་ཚོར་འདུ་ཕྲ་མོ་དེ་རིགས་ཤིན་ཏུ་ཞིབ་ཅིང་རྒྱས་པའི་སྒོ་ནས་མངོན་པར་མཚོན་ཞིང་། དེ་ལ་བརྟེན་ནས་མི་སྣ་གང་དེར་བྱ་སྤྱོད་ཅིག་ངང་གིས་ཐོན་པ་དང་རང་གཤིས་ཤིག་ཀྱང་རིམ་གྱིས་གྲུབ་ཡོད་པའི་ཞིབ་ཆ་དང་ལྷོད་ཤ་ཅན་གྱི་འབྲི་སྟངས་དེ་ལ་ཡིད་རབ་ཏུ་མཉེས་པོ་བྱུང་སོང་། དེ་བས། འདིར་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལྟར། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་བུད་མེད་དང་། སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོའང་བུད་མེད་ཀྱི་བརྩེ་དུང་གི་མྱོང་བ་དང་ལས་དབང་། གདམ་ག་སོགས་མཚོན་པ་གཙོ་བོར་གྱུར་ཡོད་པའི་དེབ་འདི་འོས་སྦྱོར་བྱས་པ་ལ། བརྗོད་བྱ་འདིའི་རིགས་ལ་དམིགས་བསལ་སྤྲོ་བ་ཡོད་པའི་ཀློག་པ་པོ་རྣམས་ལ་ནི་སྨྲ་ཅི་དགོས། སྤྱིར་དེབ་འདིའི་རྩོམ་རིག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ངམ། ཡང་ན་བསམ་བློའི་ཟབ་ཚད་གང་གི་ཐད་ནས་བལྟས་ཀྱང་རྩོམ་རིག་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ཙང་ཡང་ནས་ཡང་དུ་བཀླག་རིན་ཡོད་པའི་དེབ་ཅིག་ཏུ་མཐོང་ངོ་། །
«མཆོད་རྫས་སྒོང་རྡོག་གཅིག»
འོས་སྦྱོར་པ། ནམ་མཁའ་བཀྲ་ཤིས།
གུས་པ་རང་ཉིད་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་གྲ་ཕྱི་ཞང་གི་རི་གྲོང་ཞིག་ཏུ་འཚར་ཞིང་། ཆུང་དུས་གཅེན་གཅུང་རྒན་གཞོན་མང་བའི་དབང་གིས་ཁྱིམ་གྱི་འབྱོར་འཁོས་ཤིན་ཏུ་ཞན། ཕ་མ་གཉིས་པོས་ཞོགས་སྔ་ལངས་ཀྱིས་ཞིང་ལས་དང་དགོང་འཕྱི་ཉལ་གྱིས་བལ་ལས་གནང་སྟེ་ངེད་ཚོ་བུ་ཕྲུག་དག་སློབ་གྲྭའི་སྒོ་མོ་འགྲིམ་ཏུ་བཅུག ངེད་ཚོ་ནར་མ་སོན་པའི་དུས་སྐབས་དང་སློབ་གྲྭར་སོང་ནས་དབྱར་དགུན་གནང་གི་སྐབས་སུ་སླེབས་ཚེ་ཁྱིམ་དུ་སྐྱ་ལས་དག་དབུགས་ཧལ་ཧལ་གྱིས་བྱེད་དགོས་ཡོད་མོད། ཕ་མ་གཉིས་པོའི་ཞལ་ནས་ག་དུས་ཡིན་རུང་སྐབས་རེར་རྣ་ལ་སྙན་པའི་གཞས་དང་གཏམ་རྒྱུད་ཉན་རྒྱུ་ཡོད་ལ། སྐབས་རེར་སྙིང་ཁ་ལ་འདེགས་འདྲའི་འདྲེ་སྒྲུང་དང་ཆོ་འཕྲུལ་བསྟན་པའི་འཇིགས་སྣང་ཚོར་རྒྱུ་ཡོད།
དེ་བས། རྣམ་ཀུན་གད་མོ་ཤོར་བར་བྱེད་པའི་རྣམ་རྟོག་སྲུང་བརྩི་སྣ་ཚོགས་གོ་ཐོས་བྱུང་བ་འདི་དག་རིམ་གྱིས་ང་རང་རྩོམ་ཡིག་འབྲི་བའི་བདུད་རྩི་ལྟ་བུར་གྱུར་ཞིང་། ད་བར་བྲིས་པའི་སྒྲུང་གཏམ་ཐུང་འབྲིང་དེ་དག་གི་ནང་དུ་ཆུ་དང་འོ་མ་ལྟར་སིམ་ཞིང་། བྲིས་ཀྱིན་བྲིས་ཀྱིན་དུ་སྤར་མཐིལ་ཙམ་ལས་མེད་པའི་ཞིང་གྲོང་ཆུང་ཆུང་དེའི་ནང་ལྷག་པའི་ཧོབ་བལྟས་གླེན་རྟགས་ཚ་འདྲའི་གནས་ཚུལ་དག་ལ་ཞིབ་པར་བསམས་དུས་མེས་པོའི་རྣམ་དཔྱོད་འབའ་ཞིག་ཡིན་སྣང་གི་བསམ་བློ་བརྟན་ནས་བརྟན་དུ་འགྲོ།
ཆུང་དུས་ཀྱི་ཤན་ཤུགས་དེ་ལྟ་བུའི་དབང་གིས། རང་ཉིད་ཀྱིས་སྒྲུང་དེབ་དཔེ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱུ་མེད་རྐྱེན་མེད་ངང་ས་དབྱིབས་ཀྱི་དབུས་མཐའ་གཉིས་སུ་ཕྱེ་ཚེ་མཐར་གནས་པའི་རྒྱལ་ཁབ་ཆུང་ཆུང་དག་དང་དབུལ་འབྱོར་གཉིས་སུ་དབྱེ་བའི་དབུལ་སའི་ཡུལ་ལུང་ཆུང་ཆུང་དག་གི་འཚོ་བ་མཚོན་པའི་བརྩམས་སྒྲུང་ལ་བལྟ་བར་ཤིན་ཏུ་མོས། བརྩམས་ཆོས་དེ་དག་གི་ཁྲོད་ནས་ང་ནི་རང་གི་བྱིས་དུས་དང་འདྲ་བའི་རྒྱང་རིང་གི་གྲོགས་པོ་མང་པོར་ཐུག་ཐུབ་ཅིང་། ད་ལྟའི་སྤྱི་ཚོགས་འཚོ་བ་བཞིན་ཕྱི་གསལ་ནང་གསལ་མིན་པར་རབ་རིབ་ཏུ་སྣང་བའི་ངོ་མཚར་འཇིག་རྟེན་ཞིག་བསྐྲུན་ཡོད་པ་ནི་མུར་ནས་རྫོགས་རྒྱུ་མེད་པའི་ཕྱུར་སྐམ་བཞིན་ངོམ་པ་མེད་པའི་ནོམ་པ་ཞིག་ཏུ་འདོད། དེ་བས། རྩོམ་པ་པོ་ཨ་ཆི་པེ་ཡི«མཆོད་རྫས་སྒོང་རྡོག་གཅིག»ཅེས་པའི་སྒྲུང་དེབ་འདིའང་དེ་ལྟར་དུ་ལགས་ན། ཁྱོད་ལ་གོ་སྐབས་དང་དུས་ཚོད་ཡོད་ཚེ་གཟིགས་ཙམ་གནང་དང་ལེགས་ཉེས་ཀ་ཤུ་ཀ་ཡིས་གཅོད་པ་ཐེ་མི་ཚོམ་མོ། །
«རྒྱུས་མེད་པའི་བུད་མེད་ཅིག་གི་འཕྲིན་ཡིག»
འོས་སྦྱོར་པ། གཅུང་བསྟན་བཟང་།
ཡིག་ངོ་ཆོད་པ་ནས་ད་ལྟའི་བར་དུ། ངས་བརྩམས་སྒྲུང་རིང་མ་ཐུང་གསུམ་མང་པོ་ཞིག་བཀླགས་ནས་ཡོང་བ་ཡིན། དེ་དག་ལས་ཆེས་དགའ་ཤོས་ཀྱི་བརྩམས་སྒྲུང་འགའ་ཞིག་ལ་བློ་གཏད་ལིངས་བཅོལ་བྱེད་མྱོང་བ་དང་། དེ་ལས་ཀྱང་སྒྲུང་ཐུང་དགའ་ཤོས་མང་པོར་ཡིད་སེམས་དབང་མེད་ཤོར་ཞིང་ཡང་ཡང་ཕྱིར་དྲན་བྱེད་མྱོང་སྟེ། ཐོག་མར་རྫ་དཔལ་སྤྲུལ་གྱི«གཏམ་པདྨའི་ཚལ་གྱི་ཟློས་གར»ནས་མགོ་བཟུང་ནས། ཚེ་རིང་ནོར་བུའི«ལུག་ཚེ་ཐར»དང་། སྟག་འབུམ་རྒྱལ་གྱི«ཉིན་གཅིག་གི་ཆོ་འཕྲུལ» ཚེ་རིང་དོན་འགྲུབ་ཀྱི«བཙུན་ཡག» རང་སྒྲའི«ཞྭ་མོ» ལྷ་བྱམས་རྒྱལ་གྱི«ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན»སོགས་འོད་དུ་འཚེར་བའི་བརྩམས་ཆོས་མང་པོ་ཞིག་ཡོད། དེ་རིང་འདིར་ཆེས་དགའ་ཤོས་ཀྱི་སྒྲུང་དེབ་ཅིག་འོས་སྦྱོར་བྱེད་པ་ལ་ཕྱིར་དྲན་ཞིག་ཅིས་ཀྱང་ཤོར་སོང་། དེ་མ་ཐག་ཡིད་ལ་འཁོར་ཡོང་བ་ནི་ཨོ་སི་ཁྲུ་རི་ཡའི་རྩོམ་པ་པོ་ཟི་ཝེ་ཀི་ཡི«རྒྱུས་མེད་པའི་བུད་མེད་ཅིག་གི་འཕྲིན་ཡིག»ཅེས་པའི་སྒྲུང་གཏམ་དེ་ཡིན་པ་དང་། རྩོམ་པ་པོ་ཁོང་ནི་ཨུ་རུ་སུའི་རྩོམ་མཁན་ཆི་ཁོ་ཧྥུ་དང་། ཧྥ་རན་སེའི་མའོ་ལི་ཡ་ཁོ་དང་ལྷན་དུ་དུས་རབས་གོང་མའི་ཡོ་རོབ་རྩོམ་སྟེགས་ཀྱི་རྩོམ་མཁན་གྲགས་ཅན་གསུམ་ཞེས་གྲགས་ཡོད་དེ། ཁོང་གི་སྒྲུང་གཏམ་འདི་བཀླགས་པའི་བརྒྱུད་རིམ་ནང་སྣང་བའི་གུར་ཁང་དུ་ཚོན་རིས་དཀར་དམར་གྱི་བག་ཆགས་བསྒོས་པ་ཤུགས་དྲག་པར་སྣང་སྟེ། སྒྲུང་ཐུང་འདིར་མི་སྣའི་སེམས་ཁམས་ཀྱི་གཏིང་ལ་འཇུག་པའི་ཚོར་བ་རྣོན་པོ་ཞིག་དང་། སེམས་ཁམས་མ་ལུས་སྔོག་འདོན་དང་ཕྱི་ལ་བཤམས་པར་བྱེད་པའི་ཐབས་རྩལ་ཞིག་མངའ་པས། ཀློག་པ་པོའི་ཡིད་ལ་བརྗེད་དུ་མེད་པའི་གཞོན་ནུ་མ་ཞིག་གིས་བློས་བཏང་བའི་བརྩེ་དུང་དང་བསམ་ཡུལ་ལས་འདས་པའི་སེམས་ཁམས་དང་ཁོག་ཡངས་རིགས་ཤིག་བརྐོས་རིས་བཏབ་པ་བཞིན་དུ་བཀྲམ་འདུག
སྒྲུང་གཏམ་གྲགས་ཅན«རྒྱུས་མེད་པའི་བུད་མེད་ཅིག་གི་འཕྲིན་ཡིག»ཅེས་པའི་དམིགས་པའི་གཏད་སོ་རྣོན་པོ་ཚོར་བའི་གཏིང་རུམ་དུ་འཛུལ་བར་བྱེད་པའི་སྒྲུང་གཏམ་འདིར། བུད་མེད་ཅིག་གིས་ཁྱིམ་མཚེས་ཡིན་པའི་རྩོམ་པ་པོ་སྐྱེས་པ་ཞིག་ལ་སེམས་པ་ཤོར་བའམ། འཇིག་རྟེན་སྟེང་ཟིན་དུ་མེད་པའི་བརྩེ་དུང་གི་ངང་སྒུག་ཅིག་གམ། མིའི་སེམས་ཁམས་ཀྱི་འདོད་པ་དང་དྲན་ཤེས་ཀྱང་བཤད་མི་ཤེས་པའི་ཚོར་བ་ཞིག་གམ། ཡང་ན། ཟིན་དུ་མེད་ལ་བསྐྱུར་དུའང་མེད་པའི་རེ་སྒུག་ནི་ནང་སེམས་ཀྱི་ཚོར་བའི་རང་གཤིས་རིགས་ཤིག་མངོན་པར་བསྟན་ཡོད།
མི་ཞིག་གི་དགའ་ཕྱོགས་ལ་ནི་མཐའ་གཅིག་ཏུ་འདིའོ་ཟེར་བ་ཞིག་ནམ་ཡང་དཀའ་སྟེ། དགའ་ཕྱོགས་དེ་ཡང་རིམ་བཞིན་འཕོ་འགྱུར་བྱུང་ཆོག་པ་དང་གསར་རྙིང་འདོར་ལེན་དགོས་པ་ཡང་སེམས་ཀྱི་གཤིས་སུ་གྲུབ་ཡོད། དེར་བརྟེན། ཐོག་མར་བོད་རྩོམ«གཏམ་པདྨའི་ཚལ་གྱི་ཟློས་གར»གྱིས་ཡིད་ཚིམ་པ་མ་ཟད་བུང་བ་ཁྱོ་ཤུག་གཉིས་ཀྱི་བརྩེ་དུང་ལ་གེགས་བར་དེ་ལྟར་འཕྲད་པར་ཕངས་སེམས་ཆེན་པོ་ཤོར་མྱོང་བ་ནས། «བཙུག་ཡག»ལྟ་བུའི་སྤྱི་ཚོགས་དཀར་ནག་ཁྲ་ཁྲ་ཕྱེད་མ་འདིར་ལྟས་དབང་དང་དད་པ་ནི་ཆེས་གལ་ཆེན་ཞིག་ཏུ་གྱུར་བའི་ཡིད་འགུལ་ཚད་མེད་ཀྱང་ཐེབས་མྱོང་། རིམ་བཞིན་ནུབ་ཕྱོགས་ཀྱི་རྩོམ་རིག་ཁག་ལ་མྱོང་རོལ་བྱས་པ་རྒྱུད་ནང་སེམས་ཀྱི་འཇིག་རྟེན་ཕྱི་རུ་བཤམས་པའི་ལུགས་དེར་ཡིད་སྨོན་ཤོར་ཞིང་། དེ་དག་ལས་ཀྱང«རྒྱུས་མེད་པའི་བུད་མེད་ཅིག་གི་འཕྲིག་ཡིག»འདིས་དམིགས་པའི་གཏད་སོ་ཟིན་དུ་མེད་པའི་བརྩེ་དུང་ལ་གཏད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་མི་རྣམས་ཕྱིའི་ཤ་མདོག་མ་འདྲ་ཡང་། ནང་སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་གཅིག་མཚུངས་བྱུང་བར་ཁག་འགེལ་ཅི་ལ་དགོས་སྙམ་པ་བྱུང་།གལ་ཏེ། ངས་བཀླགས་ནོར་བྱུང་མེད་ན་བརྩམས་སྒྲུང་འདིའི་མི་སེམས་ཀྱི་སྙི་ས་ནས་འཇུས་ཤིང་ཀློང་ཡངས་པར་ཁྲིད་པའི་ཐབས་རྩལ་གལ་ཆེན་འདུག་པ་དྲན་ཡོང་། ཁྱེད་ཀྱིས་ཀྱང་སྒྲུང་གཏམ་འདི་ལན་ཅིག་ཀློགས་དང་། ཚོར་བ་མངར་མོ་རེ་སེམས་ཀྱི་ཡོལ་གོ་རུ་འབབ་སྲིད་དོ། །
འབྲེལ་ཡོད་འོས་སྦྱོར།