logo

བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པར་ལྡན་དགོས་པའི་གཞི་རྩའི་ཆ་རྐྱེན་སྐོར་གླེང་བ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-12-01 ཀློག་གྲངས།:
       དེང་དུས་བརྙན་འཕྲིན་ལས་རིགས་ལ་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། དེའི་ལེ་ཚན་གྱི་རྣམ་གྲངས་དང་སྒྲིག་སྦྱོར་བྱེད་སྟངས་སོགས་ཀྱང་སྣ་མང་ཅན་དུ་འཕེལ་བཞིན་ཡོད་ལ། ལེ་ཚན་མི་འདྲ་བ་སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་ལྟ་མཁན། བརྙན་ཕབ་ཀྱི་དགོས་མཁོ་ལ་སོགས་མི་འདྲ་བ་དང་། ལྷག་པར་ལེ་ཚན་མདོ་འཛིན་བྱ་བའི་ལས་རིགས་ལ་ཆེད་ལས་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་བ་སོགས་ཀྱིས། བརྙན་འཕྲིན་ལེ་ཚན་སོ་སོའི་མདོ་འཛིན་པར་ཆེད་ལས་ཆུ་ཚད་དང་ལས་རིགས་བྱང་ཚད་ཐད་ལ་རེ་བ་མཐོན་པོ་བཏོན་ཡོད། དེས་ན་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པར་ལྡན་དགོས་པའི་གཞི་རྩའི་ཆ་རྐྱེན་ལ་བྱེ་བྲག་ཏུ་གང་དག་མཆིས་པ་དང་། ཅིའི་ཕྱིར་ཆ་རྐྱེན་དེ་དག་ལྡན་དགོས་པ། ཇི་ལྟར་ལྡན་དགོས་པ་ལ་སོགས་པར་ཁོ་མོས་ལོ་ངོ་དུ་མའི་རིང་གི་བརྙན་འཕྲིན་མདོ་འཛིན་བྱ་བའི་ཉམས་མྱོང་དང་འབྲེལ་ཏེ་རགས་ཙམ་གླེང་ན།
གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ལས་རིགས་ཀྱི་བྱང་ཚད་མཐོན་པོ་ལྡན་དགོས།
       བརྙན་འཕྲིན་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྩ་བའི་བྱེད་ཕྱོགས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ལག་བསྟར་སྒྲིག་སྲོལ། དེ་བཞིན་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་བརྡ་འཕྲིན་ལ་སོགས་སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱེད་པའི་དེང་རབས་ཀྱི་སྨྱན་སྦྱོར་གལ་ཆེན་ཞིག་དང་། གཞན་འབྲེལ་ཡོད་ཀྱི་རིག་གནས་ཤེས་བྱ་དང་སྤྱི་ཚོགས་ལས་དོན། རིག་རྩལ་གྲུབ་འབྲས་ལ་སོགས་རྒྱ་ཆེའི་མང་ཚོགས་ལ་གཟུགས་ཅན་གྱི་སྣང་བརྙན་དང་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་མཁོ་སྤྲོད་བྱེད་པའི་ཡོ་བྱད་ཅིག་ཡིན། བརྙན་འཕྲིན་གྱི་བརྗོད་དོན་ཕལ་ཆེ་བ་ཞིག་ནི་ལེ་ཚན་གྱི་རྣམ་པ་མང་པོ་བསྐྲུན་ཏེ་སྤེལ་བ་དང་། ལེ་ཚན་རྣམས་ཀྱང་མདོ་འཛིན་པའི་བཀོད་སྒྲིག་དང་སྣེ་ཁྲིད་འོག་སྤེལ་བ་ཡིན་པས། བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ཞིག་ཡིན་ན་དེས་སྤྱིར་བཏང་དུ་བཅར་འདྲི་དང་སྒྲིག་སྦྱོར། རྩོམ་འབྲི་ལ་སོགས་པའི་ལས་འགན་མང་པོ་གཅིག་ལྕོགས་སུ་ཁུར་ཡོད་དེ། ལེ་ཚན་གང་ཉིད་ལེགས་འགྲུབ་འབྱུང་མིན་གྱི་བླ་སྲོག་ལྟ་བུ་ཡིན། བསམ་བློའི་ཆུ་ཚད་ནི་མདོ་འཛིན་པ་ཞིག་གི་ཆ་རྐྱེན་མང་པོ་ལས་སྲོག་ཤིང་ལྟ་བུ་སྟེ། རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་བརྟན་དགོས་ལ་བསམ་བློའི་གོ་རྟོགས་མཐོན་པོ་ལྡན་དགོས། ལེ་ཚན་གྱི་རིགས་གང་ཡིན་ཡང་དེའི་བརྗོད་གཞི་དང་སྤེལ་ལུགས་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་མཐུན་ཞིང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱ་བ་དང་།  ལེ་ཚན་སྣ་མང་བརྒྱུད་དེ་རྒྱ་ཆེ་བའི་མང་ཚོགས་ལ་སྲིད་འབྱོར་རིག་གསུམ་གྱི་བརྡ་འཕྲིན་ཡང་དག་དང་རྒྱུན་ཤེས་ཚད་ལྡན་མང་པོ་མཁོ་འདོན་བྱ་དགོས་པས། མདོ་འཛིན་པ་རང་ཉིད་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་བསམ་བློའི་ཆུ་ཚད་མཐོན་པོ་ཞིག་ལྡན་དགོས་པ་ནི་ཐོག་མའི་ཆ་རྐྱེན་ཡིན། ཡང་བརྙན་འཕྲིན་མདོ་འཛིན་པ་ཞིག་ལ་ལས་རིགས་དེའི་འབྲེལ་ཡོད་ཀྱི་བྱང་ཚད་མཐོན་པོ་ལྡན་དགོས་ཏེ། བརྟན་ཞིང་བརླིང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཀུན་ཡིད་འཕྲོག་པའི་ལུས་ངག་གི་བཟོ་ལྟ། ཤེས་བྱ་སྣ་མང་ལ་འཇུག་སྒོ་ཡངས་ཤིང་ཆེད་ལས་སྣ་ཚོགས་ཀྱི་རྒྱུན་ཤེས་མངའ་བ། དག་ཅིང་གཙང་བའི་སྨྲ་ལྕེ་བདེ་དགོས་ལ་མདོ་འཛིན་སྐད་ཆའི་སྒྱུ་རྩལ་ལ་བྱང་དགོས། གཞན་དང་འབྲེལ་འདྲིས་བྱ་བའི་ནུས་རྩལ་ཁྱད་དུ་འཕགས་ཤིང་ཡུལ་དངོས་ལ་ཞིབ་ཚགས་ཅན་གྱི་ཚོད་འཛིན་ནུས་པ་ལྡན་དགོས། གློ་བུར་བའི་དོན་རྐྱེན་གདོང་གིས་བསུས་ཏེ་ལྷོད་ཡངས་བག་ཕེབས་སུ་ཐག་གཅོད་ནུས་པ་ལ་སོགས་ནི་མདོ་འཛིན་པ་ཞིག་ལ་ངེས་པར་ལྡན་དགོས་པའི་ལས་རིགས་ཀྱི་མ་མཐའི་བྱང་ཚད་ཡིན་ནོ། །
གཉིས། སྨྲ་ལྕེ་བདེ་ཞིང་སྐད་ཆའི་མཚོན་སྟོབས་བླ་ལྷག་ཏུ་ལྡན་དགོས།
       སྐད་ཆ་ནི་མདོ་འཛིན་པ་དང་ལྟད་མོ་བ་གཉིས་ཀྱིས་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་སྟེ། མདོ་འཛིན་པས་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ལེ་ཚན་གང་གི་མགོ་མཇུག་བར་གསུམ་དང་བཅས་པ་རྩ་འཛུགས་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ལ་ངོ་སྤྲོད་ཚང་ལ་མ་ནོར་བ་ཞིག་བྱེད་དགོས་པས། ཐོག་མར་རང་ལ་སྨྲ་བརྗོད་དག་ཅིང་ངག་བརྗོད་བདེ་བའི་སྐད་ཆའི་སྒྱུ་རྩལ་བླ་མེད་ཅིག་ལྡན་དགོས། བརྙན་རིས་ལས་འཆར་བའི་གཟུགས་ཅན་གྱི་རི་མོ་སྣ་ཚོགས་ཡིད་དབང་འཕྲོག་ཅིང་བསྟན་དོན་གསལ་བའི་སྐད་ཆའི་སྦྱོར་བའི་ལམ་ནས་ངོ་སྤྲོད་བྱེད་པ་དང་། ཡང་ན་ཡུལ་དངོས་སུ་འཁྲབ་སྟོན་བྱེད་བཞིན་པའི་བྱ་འགུལ་གང་དེའི་མགོ་མཇུག་བར་གསུམ་གྲ་མ་ཆག་གྲུ་མ་ཉམས་པར་ལྟད་མོ་བ་རྣམས་ལ་འོས་སྦྱོར་བྱེད་དགོས། ལེ་ཚན་གང་གི་བརྗོད་དོན་དང་འབྲེལ་བའི་ངག་གི་བརྗོད་པ་གང་ཞིག་ཀྱང་གཞུང་ལུགས་ཀྱི་གཏིང་ཚད་དང་རིགས་འདེད་ཀྱི་གཏན་ཚིགས་སོགས་ལ་དོ་སྣང་དང་གཙིགས་ཆེན་བྱས་ཏེ། རྒྱུན་སྤྱོད་མ་ཡིན་པའི་མིང་བརྡ་དང་ཚིག་སྦྱོར་གོ་དཀའ་བའི་རིགས། དེ་བཞིན་དུ་མདོ་འཛིན་པ་རང་གི་དགའ་སྐྱོ་ཆགས་སྡང་འདྲེས་པའི་ཁྲོ་བཤད་དང་ངར་བཤད། འཁྱོག་བཤད་དང་ཡམ་བཤད་ལ་སོགས་པར་ཆེས་ཆེར་འཛེམ་ཞིང་། ཉམས་དགའ་ཞིང་བག་བྲོ་ལ། ཉན་སྤྲོ་ཞིང་གོ་སླ་བའི་གསོན་ཉམས་ལྡན་པའི་སྐད་ཆ་བརྗོད་དེ་ལྟ་མཁན་རྣམས་ཀྱི་སེམས་ཁམས་དང་དགའ་མོས་སོགས་དང་འོས་ཤིང་འཕྲོད་པར་བྱས་ཏེ། ཉན་ན་གོ་རྒྱུ་ཡོད་པ་ཞིག་དང་བསམ་ན་རྟོགས་རྒྱུ་ཡོད་པ་ཞིག་ཡིན་དགོས། ཡང་ལེ་ཚན་གྱི་ངོ་བོ་དང་དམིགས་ཡུལ་སོགས་མི་འདྲ་བར་དམིགས་ཏེ་མདོ་འཛིན་པའི་སྐད་ཆའང་མི་འདྲ་བར་སྤྱོད་དགོས་ཏེ། དཔེར་ན་ན་ཆུང་བྱིས་པའི་ལེ་ཚན་ལྟ་བུ་ཞིག་ཡིན་ན། དེའི་ཁ་གཏད་སའི་བྱིས་པ་རྣམས་ནི་ད་དུང་ཤེས་བྱ་ངོས་འཛིན་དང་གསོག་འཇོག་གི་བརྒྱུད་རིམ་དུ་གནས་ཡོད་ལ། བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྐད་ཆའི་རིགས་ལ་ད་དུང་གོ་བ་ཇི་བཞིན་མི་ལོན་པར་མ་ཟད། ཚིག་རྒྱན་གྱིས་བཅིངས་དྲགས་པའམ་ཡིག་སྐད་ཁོ་ནས་བརྗོད་ན་ཉན་པར་མི་སྤྲོ་ཞིང་ཉན་ཡང་གོ་དཀའ་བ་ཡིན། དེར་བརྟེན་མདོ་འཛིན་པས་ཀྱང་རང་གི་སྐད་ཆའི་ཚིག་སྦྱོར་དང་བརྗོད་སྟངས་སོགས་ལ་དོ་སྣང་དང་མཉམ་འཇོག་གང་ལེགས་བྱས་ཏེ། གོ་སླ་ཞིང་ཉན་སྤྲོ་བའི་རྒྱུན་སྤྱོད་ཀྱི་མིང་བརྡ་དང་ཚིག་སྦྱོར། ཐ་ན་གསོན་ཉམས་ལྡན་པའི་་ཡུལ་སྐད་འདྲེས་མའི་ངག་སྦྱོར་སྤེལ་དགོས་པ་ཡིན། སྐབས་འདི་ལྟ་བུ་ལ་ངག་གི་སྨྲ་བརྗོད་ཁོ་ནས་མི་འདང་བར་མདོ་འཛིན་པའི་ངོ་ཡི་འཛུམ་མདངས་དང་མིག་གི་ལྟ་ཕྱོགས། ལུས་ཀྱི་རྣམ་འགྱུར་དང་ལག་པའི་ཕྱག་རྒྱ་ལ་སོགས་པའི་རམ་འདེགས་བཅས་ཀྱང་ཤིན་ཏུ་མཁོ་གལ་ཆེ་སྟེ། ལྟ་མཁན་བྱིས་པ་རྣམས་ཀྱི་བློ་ཁ་དང་སེམས་ཁམས་དམ་པོར་བཟུང་སྟེ་ལུས་སེམས་ཡོད་ཚད་ལེ་ཚན་ཁྲོད་དུ་ཁྲིད་དེ་ཁོ་ཚོའི་སྤྲོ་སེམས་ཡོངས་སུ་བཀུག་ནས་ལེ་ཚན་གང་གི་བརྗོད་དོན་ནང་དུ་བསྡུ་དགོས། ཡང་སྐབས་ལ་ལར་མི་རིགས་རང་གི་གཏམ་དཔེ་དང་གཏམ་རྒྱུད། ཁ་མཚར། ལེགས་བཤད་ལ་སོགས་སྐབས་བསྟུན་གྱིས་སྤྱད་དེ། ན་ཆུང་བྱིས་པ་རྣམས་ལ་མི་རིགས་རང་གི་ཕུན་སུམ་ཚོགས་པའི་རིག་གནས་མངོན་དགོས་པར་མ་ཟད། རང་གི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་མི་རིགས་རང་གི་སེམས་ཁམས་ཀྱི་མོས་ཕྱོགས་དང་མཛེས་དཔྱོད་ཀྱི་ལྟ་བ། མི་ཆོས་ཀུན་སྤྱོད་ལ་སོགས་ཇི་ལྟར་ཡིན་པ་ཁོ་ཚོའི་རྒྱུད་ལ་ངེས་ཤིང་གོམས་པར་བྱེད་དགོས་སོ། །
གསུམ། ཤེས་བྱའི་མཐོང་ཐོས་ཡངས་ཤིང་རྒྱ་ཆེ་བ་ཞིག་ལྡན་དགོས།
       བརྙན་འཕྲིན་ལེ་ཚན་ལ་མཚོན་ན་བརྗོད་གཞི་དང་རྣམ་པ་འདྲ་མིན་སྣ་ཚོགས་སུ་ངེས་ཏེ། དེ་ཉིད་མདོ་འཛིན་བྱ་བའི་ཁྲོད་དུ་བརྗོད་བྱ་དང་སྣང་ཚུལ་སྣ་ཚོགས་ཤིག་དང་འཕྲད་སྲིད་པས་ན་རང་ཉིད་ལ་ཆེད་ལས་སྣ་མང་གི་ཤེས་བྱའི་རྨང་གཞི་ངེས་ཅན་ཞིག་ལྡན་དགོས་ཏེ། དེ་ཡང་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་དང་རིག་གནས་སྣ་མང་གི་མཐོང་རྒྱ། ཡུལ་གྲུ་སོ་སོའི་དམངས་སྲོལ་དང་ཚན་རིག་རྒྱུན་ཤེས་ཀྱི་ཐོས་རྒྱ། དེ་བཞིན་དུ་སྒྱུ་རྩལ་སྣ་མང་གི་བློ་སྦྱོང་ལ་སོགས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ཤེས་བྱའི་མཐུན་རྐྱེན་འཛོམས་པོ་ཞིག་ལྡན་དགོས། དཔེར་ན་སྤྱི་ཚོགས་རིག་གནས་སྐོར་གྱི་ལེ་ཚན་ཞིག་ཏུ་ཆེད་མཁས་པ་རྣམ་པར་མདོ་འཛིན་བྱེད་པ་ལྟ་བུ་ཞིག་ཡིན་ན། རང་ཉིད་ལའང་བརྗོད་གཞི་དེའི་ཕྱོགས་ཀྱི་རྨང་གཞིའི་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས་ཏེ། ཆེད་མཁས་པ་རྣམས་དང་གཏིང་ཟབ་པའི་སྒོ་ནས་ཆེད་ལས་སྐོར་གྱི་ཁ་བརྡ་དང་དཔྱད་གླེང་བྱ་ཤེས་དགོས། དེ་བཞིན་དུ་ཚན་རིག་ལག་རྩལ་དང་དམངས་ཁྲོད་ཀྱི་ཡུལ་སྲོལ་ལྟ་བུའི་ལེ་ཚན་ཞིག་ལ་མདོ་འཛིན་བྱེད་དགོས་ན། ཐོག་མར་འབྲེལ་ཡོད་ཆེད་ལས་སྐོར་གྱི་བརྡ་ཆད་རྣམས་ལ་བྱང་དགོས་པ་དང་། མི་རིགས་དང་ཡང་ན་ས་གནས་སོ་སོའི་དམངས་སྲོལ་རིག་གནས་སྐོར་གྱི་ལྟ་རྒྱ་ཐོས་རྒྱ་ཡངས་པོ་ཞིག་ཡོད་དགོས། གཞན་བརྙན་འཕྲིན་མདོ་འཛིན་པ་ཞིག་ཡིན་ཚེ་རང་གི་བསམ་བློ་དེ་སྤྱི་ཚོགས་དང་དུས་རབས་ཀྱི་རྗེས་ཆོད་དགོས་ཏེ།
       དེང་རབས་སྤྱི་ཚོགས་སུ་གསར་དུ་དར་བཞིན་པའི་ཤེས་བྱ་གསར་པ་དང་བྱ་དངོས་གསར་པ། ལག་རྩལ་གསར་པ། སྣང་ཚུལ་གསར་པ་བཅས་དང་། དེ་བཞིན་དུ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་གསར་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལ་སོགས་པར་བྱང་ཆ་ལྡན་དགོས། དེ་ལྟར་ན་ལེ་ཚན་གང་ཉིད་ལ་དུས་རབས་གསར་པའི་མཁའ་དབུགས་སྩོལ་ནུས་ལ་སྤྱི་ཚོགས་གནས་བབ་དང་མཐུན་པའི་གསོན་ཤུགས་རྒྱས་སྲིད་ཅིང་། ལྟད་མོ་བ་རྣམས་ལ་མཉམ་འུར་སློང་ཐུབ་པའི་བརྗོད་གཞི་དང་ཚོར་བ་དེ་རྙེད་ནུས་པ་ཡིན་ནོ། །
བཞི། གནས་བབ་ལ་བསྟུན་པའི་ནུས་རྩལ་དང་སྐབས་བསྟུན་ཐག་གཅོད་ཀྱི་ནུས་པ་ལྡན་དགོས།
       ལེ་ཚན་གང་རུང་ལ་མདོ་འཛིན་བྱེད་པའི་གོ་རིམ་ཁྲོད་དུ་སྐབས་ལ་ལར་ཡུལ་དངོས་དེར་བསམ་ཡུལ་ལས་འདས་པའི་འགལ་རྐྱེན་དང་བར་ཆད་ལ་སོགས་པའི་གནས་ཚུལ་འབྱུང་སྲིད་དེ། གནས་ཚུལ་གློ་བུར་བ་དེ་དག་ཅི་ནུས་གང་མྱུར་གྱིས་ཐག་བཅད་དེ་ལེགས་ཕྱོགས་སུ་བསྒྱུར་བ་ལ་མདོ་འཛིན་པ་དེར་སྐབས་བསྟུན་ཐག་གཅོད་ཀྱི་བསམ་སྤྱོད་དང་ནུས་རྩལ་བླ་མེད་ཅིག་ལྡན་དགོས། དཔེར་ན་སྐུ་མགྲོན་གང་གིས་གློ་བུར་དུ་རང་གིས་བརྗོད་འདོད་ཀྱི་མིང་ཚིག་བརྗེད་དེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བ་ལྟ་བུར་མཚོན་ན། མདོ་འཛིན་པས་གང་མྱུར་སྒོས་སྐུ་མགྲོན་གང་དེའི་སྐད་ཆའི་སྣེ་དྲངས་ཏེ་བརྗོད་གཞི་གང་གི་ཁ་བརྡ་དེའི་མུ་བསྐྱང་དགོས། ཡང་དཔེར་ན་ཡུལ་དངོས་སུ་སྒྲིག་ཆས་ལ་སོགས་པར་ཆག་སྐྱོན་བྱུང་བ་ལྟ་བུར་མཚོན་ན་མདོ་འཛིན་པར་གཏན་ནས་འཚུབ་ཆ་ལངས་མི་རུང་སྟེ། དགོད་བྲོ་བའི་ཉམས་དང་ལྡན་པའི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་འུ་ཐུག་ཐབས་ཟད་ཀྱི་གནས་བབ་དེ་སྐྱོབ་དགོས་ལ། བྱ་འགུལ་གང་ཉིད་བདེ་བླག་ངང་རྒྱུན་སྐྱོང་ཐབས་བྱ་དགོས། དཔེར་ན། ན་ཆུང་བྱིས་པའི་ལེ་ཚན་ལྟ་བུ་ཞིག་ལ་མདོ་འཛིན་བྱེད་དུས་གླུ་ཚིག་བརྗེད་པ་དང་། གཏམ་རྒྱུད་ཀྱི་བྱུང་རིམ་ནོར་བ། བྱ་འགུལ་གྱི་གོ་རིམ་འཆོལ་བ། ཞབས་བྲོའི་སྟངས་སྟབས་འཁྲུག་པ་སོགས་བསམ་ཡུལ་ལས་འདས་པའི“འགལ་རྐྱེན”སྣ་ཚོགས་དང་འཕྲད་སྲིད་པས། མདོ་འཛིན་པས་ནོར་འཁྲུལ་དེ་དག་གང་མྱུར་གྱིས་ཤེས་རྟོགས་བྱུང་སྟེ་སྐབས་བསྟུན་གྱིས་ཐག་གཅོད་གང་ལེགས་བྱས་ཏེ། ལེ་ཚན་མུ་མཐུད་དུ་སྤེལ་བར་ཁག་ཐེག་བྱ་དགོས། འདི་ནི་མདོ་འཛིན་པ་གང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་བློ་གྲོས་ལ་འབྲེལ་བ་ཡོད་པར་མ་ཟད། ཡུན་རིང་གི་མདོ་འཛིན་ལག་ལེན་ཁྲོད་དུ་སྦྱོང་བརྡར་དང་གསོག་ཉར་བྱ་དགོས་པའི་ནུས་རྩལ་ཞིག་ཀྱང་ཡིན་ནོ། །
ལྔ། ཕན་ཚུན་འབྲེལ་མཐུད་ཀྱི་ནུས་པ་ཁྱད་དུ་འཕགས་ཤིང་ཡུལ་དངོས་ལ་ཚོད་འཛིན་བྱ་བའི་ཐབས་རྩལ་ལྡན་དགོས།
       མདོ་འཛིན་པ་ཞིག་ཡིན་ཕྱིན་ལེ་ཚན་དུ་གདན་དྲངས་པའི་སྐུ་མགྲོན་དང་འཁྲབ་སྟོན་པ། དེ་ནས་རྒྱ་ཆེ་བའི་ལྟད་མོ་བ་རྣམས་དང་མཛའ་བརྩེ་ལྡན་པའི་སྒོ་ནས་འབྲེལ་མཐུད་གང་ལེགས་བྱེད་པའི་ནུས་པ་ཁྱད་དུ་འཕགས་པ་ཞིག་ལྡན་དགོས་ཏེ། ཆེད་མཁས་པ་ལ་སོགས་པའི་སྐུ་མགྲོན་རྣམས་དང་ཁ་བརྡའི་འབྲེལ་འདྲིས་བྱེད་དུས་སུ་གང་མྱུར་སྒོས་ཕ་རོལ་བའི་བསམ་འདུན་རྟོགས་དགོས་ལ། འབྲེལ་ཡོད་ཁ་བརྡས་སྣེ་དྲངས་ཏེ་སྐུ་མགྲོན་གང་ལ་རང་གི་དྲན་འཆར་འཛེམ་མེད་དུ་བརྗོད་འདོད་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དགོས་ཤིང་། ཁོའི་ཁ་བརྡའི་འགྲོས་དང་བསྟུན་ནས་འོས་འཚམ་གྱི་དྲི་བ་དྲངས་ཏེ་ཁོང་ཚོའི་ངག་ལས་སྔར་བས་རིན་ཐང་ཆེ་ཞིང་དོན་སྙིང་ལྡན་པའི་བརྡ་འཕྲིན་སྔོག་འདོན་བྱ་དགོས། མཁས་པ་སུ་ཞིག་ལ་བཅར་འདྲི་བྱེད་པ་ལྟ་བུར་མཚོན་ན། མདོ་འཛིན་པས་འོས་འཚམ་དོན་མཐུན་གྱི་དྲི་བ་རེ་འགའ་དྲངས་ཏེ་ཁོའི་ཐུན་མིན་གྱི་རིག་གཞུང་ལྟ་བ་དང་ཞིབ་འཇུག་འབྲས་བུ་སོགས་ལྟད་མོ་བ་ཀུན་གྱི་བསམ་པའི་ལོངས་སྤྱོད་དུ་དགྲམ་དགོས། ཡང་རྒྱ་ཆེ་བའི་ལྟད་མོ་བ་ཀུན་དང་འབྲེལ་བ་བྱེད་དུས་ཀྱང་ཁོ་ཚོའི་སེམས་ཁམས་དང་མོས་འདུན་སོགས་དང་བསྟུན་ནས། བརྩེ་སེམས་དྲོན་མོའི་སྐད་ཆ་དང་ཕན་ཚུན་ལ་མིག་བརྡ་དང་ལུས་ཀྱི་རྣམ་འགྱུར། ཡང་ན་དྲི་བ་དྲིས་ལན་ལ་སོགས་པའི་ལམ་ནས་ཁོ་ཚོའི་སྤྲོ་སྣང་དང་བརྩོན་སེམས་ཕྱོགས་ཀུན་ནས་སྐུལ་སློང་བྱས་ཏེ། ལྟད་མོ་བ་མང་པོ་ལེ་ཚན་དུ་དྲངས་ཏེ་ལེ་ཚན་གང་ལ་གསོན་ཤུགས་བསྐྱེད་ཅིང་། ལྟ་འདོད་ཉན་འདོད་ཀྱི་འདུན་པ་ཀུན་ནས་བསླངས་ཏེ་ལེ་ཚན་གང་ཉིད་ཐུན་མོང་གི་རྒྱགས་ཕྱེ་ངོ་མཚར་བ་ཞིག་ཏུ་བསྒྱུར་དགོས།
       མདོ་འཛིན་པ་ནི་བྱ་འགུལ་གང་དེའི་ཡུལ་དངོས་ཀྱི་རྩ་འཛུགས་པ་ཞིག་ཡིན་པའི་ཆ་ནས་ངེས་པར་ཡུལ་དངོས་ལ་ཚོད་འཛིན་བྱ་བའི་ཐབས་རྩལ་གང་ལེགས་ཤིག་ཡོད་དགོས། བྱ་འགུལ་གང་ཉིད་ཀྱི་འཕེལ་རིམ་ལ་ཚོད་འཛིན་བྱས་ཏེ་དལ་མྱུར་གཉིས་ཀའི་མཐའ་ལ་མ་ལྷུང་བར་བརྒྱུད་རིམ་ལྡན་ཞིང་མགོ་རྔ་འཐུས་ཚང་བ་ཞིག་ཏུ་སྤེལ་དགོས། དཔེར་ན་གཏམ་བཤད་པའི་ལེ་ཚན་ལྟ་བུ་ཞིག་མདོ་འཛིན་བྱེད་དུས་སུ་གཏམ་བཤད་པ་གང་གི་སྐད་ཆའི་འགྲོས་ཚད་དང་བརྗོད་གཞི། ཡུལ་དངོས་བཀོད་སྒྲིག་གི་གནས་བབ་སོགས་ལ་གཞིགས་ཏེ་དུས་ཚོད་གང་ལེགས་སུ་ཚོད་འཛིན་བྱ་བ་དང་། ལྷག་པར་དུ་ལྟ་མཁན་རྣམས་དང་འབྲེལ་འདྲིས་འོས་འཚམ་བྱ་བའི་ཟམ་པ་ལྟ་བུའི་ནུས་པ་བཏོན་ཏེ། ལེ་ཚན་གང་ཉིད་སྒྲིག་སྲོལ་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་བདེ་བླག་ཏུ་སྤེལ་བར་ཁག་ཐེག་བྱ་དགོས། སྐབས་ལ་ལར་ཡུལ་དངོས་སུ་བློ་ཡུལ་ལས་འདས་པའི་འགལ་རྐྱེན་བྱུང་བ་དང་། ཡང་ན་ལྟ་མཁན་གྱིས་ཡུལ་དངོས་ལ་བར་ཆད་བཟོ་བའི་ཚད་ལས་འདས་པའི་བྱ་སྤྱོད་སྤེལ་ཏེ། ལེ་ཚན་ཇི་བཞིན་རྒྱུན་སྐྱོང་དཀའ་བའི་གནས་སུ་ལྷུང་ན། མདོ་འཛིན་པས་དུས་ལྟར་དུ་ཁོ་ཚོའི་བསམ་ཚོར་དང་སྤྱོད་ལམ་ལ་འགྲེལ་བཤད་དང་བཅས་སྣེ་ཁྲིད་དེ་བདེ་ལ་འབབ་ཏུ་འཇུག་དགོས། གཞན་མདོ་འཛིན་པས་མགོ་མཇུག་བར་གསུམ་དུ་རང་གི་ལུས་ངག་གི་སྤྱོད་ལམ་དང་སྣང་བརྙན་ལ་ཡིད་གཟབ་དགོས་ཏེ། ལེ་ཚན་གྱི་བརྗོད་གཞི་དང་ཡུལ་དངོས་ཀྱི་གནས་བབ་དང་མཐུན་པར་རང་གི་གྱོན་གོས་འདེམ་དགོས་ཤིང་། བབ་ཆགས་པའི་ལུས་ཀྱི་རྣམ་འགྱུར་དང་བག་བྲོ་བའི་གདོང་གི་འཛུམ་མདངས་དང་བཅས་རྒྱ་ཆེ་བའི་ལྟ་མཁན་རྣམས་དང་འབྲེལ་འདྲིས་གང་ལེགས་བྱེད་དགོས། ལེ་ཚན་གང་ལ་འགན་ལེན་པའི་བསམ་སྦྱོར་ཞིག་གིས་སྔོན་མ་ནས་གྲ་སྒྲིག་གང་ལེགས་བྱ་དགོས་ཏེ། བྱ་འགུལ་གང་གི་སྤེལ་ལུགས་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་སོགས་ལ་བྱང་དགོས་པར་མ་ཟད། གདན་ཞུའི་སྐུ་མགྲོན་ལ་ཆ་རྒྱུས་ཟབ་མོ་ཞིག་ལྡན་ཚེ་ད་གཟོད་ལུས་སེམས་ཡོད་ཚད་ལེ་ཚན་དུ་འཇུག་ནུས་ལ། ལྟ་མཁན་རྣམས་ལ་མགོ་རྔ་ཚང་ཞིང་རྒྱུ་སྤུས་མཐོ་བ། རིན་ཐང་ཆེ་ཞིང་དོན་སྙིང་ལྡན་པའི་ལེ་ཚན་ཞིག་སྟོན་ནུས་པ་ཡིན་ནོ། །
མཇུག་སྡུད་པ།
       མདོར་ན། དེང་དུས་འཛམ་གླིང་ཡོངས་སུ་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་བླ་མེད་བྱུང་བ་དང་ལྷག་པར་དུ་རྩིས་འཁོར་དྲ་རྒྱའི་ཁྱབ་རྒྱ་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། ཆ་འཕྲིན་གྱི་འགྲོ་འོང་དང་བརྗེ་རེས་ཀྱི་རྣམ་པ་ལ་ཐབས་ལམ་སྣ་ཚོགས་ཤིག་བྱུང་ཞིང་གོམ་ཁ་ཡང་སྔར་བས་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་ཕྱིན་ཡོད་ཀྱང་། བརྙན་འཕྲིན་དང་རྒྱང་སྒྲོག་ལས་དོན་གཉིས་ནི་སྲོལ་རྒྱུན་གྱི་སྨྱན་བྱད་སྡེ་ཁག་གཙོ་བོ་ཡིན་པའི་ཆ་ནས་སྤྱི་ཚོགས་ཁྲོད་དུ་སྔར་བཞིན་གོ་གནས་གལ་ཆེན་ཟིན་ཡོད་ལ་བྱེད་ནུས་ཀྱང་ཆེན་པོ་ཐོན་བཞིན་ཡོད། བརྙན་འཕྲིན་ལེ་ཚན་གྱི་སྒྲིག་སྦྱོར་དང་སྤེལ་ཚུལ་ནི་དུས་ཀྱི་འགྲོས་དང་བསྟུན་ནས་རྣམ་པ་སྣ་ཚོགས་སུ་འཕེལ་བཞིན་ཡོད་པས། མདོ་འཛིན་པ་རྣམས་ལ་བཏོན་པའི་ཆེད་ལས་སྐོར་གྱི་རེ་བ་དང་བྱང་ཚད་ཀྱང་ཇེ་མཐོ་དང་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད། དེ་བས་དེང་རབས་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ཞིག་བྱེད་ན། ཐོག་མར་རང་ཉིད་ལ་ཆབ་སྲིད་བསམ་བློའི་ཐད་ཀྱི་གོ་རྟོགས་མཐོན་པོ་ཞིག་ལྡན་དགོས། ལེ་ཚན་གང་གི་ཞབས་འདེགས་ཞུ་ཡུལ་དང་མཐར་ཐུག་གི་དམིགས་ཡུལ་སོགས་ལ་ངེས་ཤེས་ཡང་དག་ཅིག་ཡོད་དགོས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་སྤྱི་ཚོགས་ལས་དོན་སོགས་ཀྱི་དགོངས་དོན་དང་མཐུན་ཞིང་། ཞོར་དུ་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་ཡང་དག་པའི་ཁ་ཕྱོགས་སྟོན་པ་དང་སྤྱི་ཚོགས་གང་ལ་དྲང་ཕྱོགས་ཀྱི་བྱེད་ནུས་ཐོན་པ་ཞིག་ངེས་པར་དུ་ཡིན་དགོས། དུས་རྒྱུན་དུ་འབྲེལ་ཡོད་ཀྱི་ཤེས་བྱ་སྣ་མང་ལ་སྦྱངས་པ་མི་དམན་པ་བྱས་ཏེ་རང་རྒྱུད་ཀྱི་ཡོན་ཏན་སྤེལ་ཞིང་ཤེས་བྱ་རིག་པའི་ལྟ་རྒྱ་དང་མཐོང་རྒྱ་བསྐྱེད་དགོས་ཏེ། ལེ་ཚན་དང་འབྲེལ་ཡོད་ཀྱི་བརྗོད་གཞི་དང་རྒྱུན་ཤེས་རྣམས་ལ་སྔ་མོ་ནས་རང་ཡིད་ལ་གསལ་ཆ་ངེས་ཅན་ཞིག་ལྡན་དགོས། སྨྲ་ལྕེ་དག་ཅིང་གསལ་ལ་སྐད་ཆའི་འཆད་རྩལ་ལ་བྱང་དགོས་ཏེ། འབྲེལ་ཡོད་སྐུ་མགྲོན་དང་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ལ་འབྲེལ་འདྲིས་དང་ལབ་གླེང་བྱེད་པའི་ནུས་རྩལ་ཁྱད་དུ་འཕགས་པ་ཞིག་ཡོད་དགོས། གཞན་ལེ་ཚན་ལ་མདོ་འཛིན་བྱེད་དུས་སུ་རང་གི་གྱོན་ཆས་ཀྱི་མཛེས་པ་དང་ལུས་ཀྱི་རྣམ་འགྱུར། གདོང་གི་འཛུམ་མདངས། ལག་པའི་ཕྱག་རྒྱ་ལ་སོགས་ཕྱི་ཚུལ་གྱི་ཆ་བྱད་ལའང་དོ་སྣང་བྱས་ཏེ། ཀུན་གྱི་བློ་ངོར་འཕྲོད་ཅིང་འབྱོར་བ་ཞིག་ངེས་པར་ཡིན་དགོས། བློ་རིག་མྱུར་ཞིང་གསལ་ལ་གློ་བུར་བའི་འགལ་རྐྱེན་སྣ་ཚོགས་བྱུང་དུས་ཡུལ་དངོས་ལ་ཚོད་འཛིན་གང་ལེགས་བྱས་ཏེ་སྐབས་བསྟུན་གྱིས་ཐག་གཅོད་ནུས་པའི་ཐབས་རྩལ་ལ་མཁས་པར་བྱེད་པ་ལ་སོགས་པ་ནི་མདོ་འཛིན་པ་ཞིག་ལ་ངེས་པར་ལྡན་དགོས་པའི་མཐུན་རྐྱེན་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།