logo

བོད་ལྗོངས་ཀྱིས་བོད་སྐད་ཡིག་སྤྱི་ཚོགས་ཁྲོམ་རའི་ཚད་ལྡན་ཡིག་བཀོལ་གྱི་གྲུབ་འབྲས་བཟང་བོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-25 ཀློག་གྲངས།:
        ན་ནིང་གི་ཟླ9བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་བོད་སྐད་ཡིག་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ཚད་ལྡན་དང་ལེགས་བཅོས་བྱ་བར་འབད་བརྩོན་སྒོས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས།
        སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ9བའི་བར་ལྗོངས་ཡོངས་སུ་སྒོ་བྱང་དང་། སྒྲོག་བྱང་། འཕྲེད་འགེལ་ཡིག་བྱང་སོགས་རིགས་སྣ་ཚོགས11294ཚད་ལྡན་དུ་བཟོས་ཤིང་། གཞི་རྩའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་གྱི་ཚད་དུ་སླེབས།
        དུས་རྒྱུན་བོད་ལྗོངས་ཀྱི་བོད་སྐད་ཡིག་སྤྱི་ཚོགས་ཁྲོམ་རའི་ཚད་ལྡན་ཡིག་བཀོལ་གྱི་གནས་ཚུལ་ལེགས་ནའང་། ད་དུང་ཚད་ངེས་ཅན་སྟེང་ནས་འཕྲེད་འགེལ་བྱང་བུ་དང་། སྤྱི་ཕན་རང་བཞིན་དང་ཚོང་ལས་རང་བཞིན་གྱི་དྲིལ་སྒྲོག་བྱང་བུ་སོགས་སུ་ཚད་འདྲ་མིན་གྱི་བོད་ཡིག་ཡིག་ནོར་དང་། ཡང་ན་བོད་སྐད་ཡིག་མ་བཀོལ་བའི་གནས་ཚུལ་སོགས་འདུག་པའི་ཁར། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དུ་བོད་ལྗོངས་བོད་སྐད་ཡིག་ཚད་ལྡན་ཡིག་བཀོལ་ཞིབ་བཤེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ལས་སྒྲུབ་ལས་ཁུངས་རྩ་འཛུགས་བྱས་པ་དང་། བྱ་འགུལ་སྤེལ་ནས་ལོ་གཅིག་གི་རིང་། ས་ཁུལ་དང་གྲོང་ཁྱེར་སོ་སོར་སྡོམ་པས་སྒོ་བྱང་ཁྲི20ལྷག་དང་། འགྲིམ་འགྲུལ་ལམ་བྱང700ལྷག ཁེ་ལས་ཀྱི་དྲིལ་སྒྲོག་བྱང་བུ200ལྷག་བཅས་ལ་ཞིབ་བཤེར་བྱས།
        དེའི་མཚུངས་སུ། མ་གཞི་ནས་ཕན་ལྡན་སྔོན་འགོག་བྱེད་པར། བོད་ལྗོངས་ཀྱིས་བོད་སྐད་ཡིག་སྤྱི་ཚོགས་ཁྲོམ་རའི་ཚད་ལྡན་ཡིག་བཀོལ་གྱི་ཕན་ལྡན་སྒྲིག་གཞི་འཚོལ་ཞིབ་བྱས། མིག་སྔར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གོང་ཞུ་བྱས་པའི《འབྲེལ་ཡོད་རང་ལྗོངས་ཀྱི་བོད་སྐད་ཡིག་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དོ་དམ་བྱ་བར་ཤུགས་སྣོན་པའི་བསམ་འཆར》བགྲོ་གླེང་མ་ཟིན་དེ་ད་སྔ་ཕྱོགས་སོ་སོའི་བསམ་འཆར་སྡུད་ལེན་བྱེད་བཞིན་ཡོད་ཅིང་། བཅོས་བསྒྱུར་ལེགས་བཅོས་བྱས་རྗེས་ལག་ལེན་དུ་བསྟར་ངེས།


འབྲེལ་ཡོད་འོས་སྦྱོར།